ཟླ9པའི་ཚེས27ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་བསྡུས། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཝུན་ཧུའེ་ལམ་ཝུན་ཐིན་སྲང་ལམ་སྡེ་ཁུལ་གྱི་སྡོད་དམངས་ཨུ་ཡོན་ལྷན་ཁང་སོགས་ཐུན་མོང13དང་། མཱ་ལན་སོགས་མི15ལ་གཟེངས་བསྟོད་ཐོབ། ཚེས27ཉིན་གྱི་དགོང་མོར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་ཡིས་ཞིང་ཆེན་ཏང་ཨུ་་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཟི་ལིང་ཚའོ་ཅ་པུའུ་གནམ་གྲུ་ཐང་དུ་དཔེ་བཟང་འཐུས་མིར་ཐུག་འཕྲད་བྱས།
རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་དཔྱད་འདེམས་བྱས་ཏེ་གཟེངས་བསྟོད་བྱེད་པའི་དམིགས་ཡུལ་ནི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་བློ་བརྟན་འགྱུར་མེད་སྒོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་ཚད་མཐོའི་མོས་མཐུན་སྲ་བརྟན་དུ་བཏང་ནས། མཐུན་སྒྲིལ་འབད་འཐབ་ཀྱིས་སྐྱོད་ལམ་གསར་པར་བསྐྱོད་པ་དང་དུས་རབས་གསར་པར་ཧུར་ཐག་གིས་བྱས་རྗེས་འཇོག་རྒྱུ་དེ་རེད། གཟེངས་བསྟོད་ཐོབ་པའི་རང་ཞིང་གི་དཔེ་བཟང་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་པར་བྱས་ནས། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཁྲོད་ཧུར་ཐག་གིས་ཞུགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་པ། མི་རིགས་སོ་སོ་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་འཇོག་པ་བཅས་བྱས་ཏེ། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ཕུལ་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚང་མས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་གཟབ་ནན་གྱིས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དང་། དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། དུས་བསྟུན་མདུན་སྐྱོད་ཀྱིས་ཞིང་ཆེན་གྱི་ངེས་གནས་དང་འཐབ་ཇུས་ཀྱི་གོ་གནས་ལ་ངོས་འཛིན་གཏིང་ཟབ་བྱེད་པ། “མཚོ་སྔོན་ལ་རྒྱུས་ལོན་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་སྤེལ”བཅས་ཀྱི་ལག་ལེན་དུ་བསྟར་མཁན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས་རྒྱུའི་རེ་བ་བཅངས་ཡོད།
དཔེ་བཟང་འཐུས་རྣམས་ཀྱིས་ལང་ལོང་སྒོས་བསྟན་དོན། “གཟི་བརྗིད་མཚན་སྙན་ནི་ཁས་ལེན་ཞིག་ཡིན་ལ་སླར་ཡང་ལམ་ལ་ཆས་པའི་སྒུལ་ཤུགས་ཤིག་ཀྱང་ཡིན”། གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་བྱས་ཏེ། མི་རིགས་སོ་སོའི་འགྲོ་འོང་དང་། བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་མཁན་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལག་ལེན་པ་བཟང་བོ་བྱས་ནས། ཉེ་འགྲམ་གྱི་མང་ཚོགས་སྔར་ལས་མང་བོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཡག་པོར་སྒྲུབ་པར་ཁྲིད་སྟོན་དང་སྐུལ་ཁྲིད་བྱེད་རྒྱུ་ཡིན་ཟེར།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།