ཚེས28ཉིན། ཀྲུང་ཧྭའི་ཕྱི་རྒྱལ་མཐུན་འབྲེལ་ལྷན་ཚོགས་སྐབས་དྲུག་པའི་རྒྱུན་ལས་ལས་འཛིན་གྲོས་ཚོགས་ཐེངས་དྲུག་པ་པེ་ཅིང་དུ་བསྡུས་པ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཀྲུང་ཧྭའི་ཕྱི་རྒྱལ་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཧྲི་ཐའེ་ཧྥིན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་གནང་།
ཧྲི་ཐའེ་ཧྥིན་གྱིས་བསྟན་དོན། སྐབས་ལྔ་པའི་རྒྱུན་ལས་ལས་འཛིན་གྲོས་ཚོགས་ཐེངས་ལྔ་པའི་ཚུན་ལ། ཀྲུང་ཧྭའི་ཕྱི་རྒྱལ་མཐུན་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་གཅེས་རིང་ལུགས་པའི་རླབས་ཆེན་དར་ཆ་མཐོར་པོར་སྒྲེང་བ་དང་། ཞང་ཀང་དང་ཨོ་མིན། ཐེ་ཝན་དང་ཕྱིར་སྡོད་རང་མིའི་རྒྱལ་གཅེས་མཛའ་མཐུན་སྟོབས་ཤུགས་གཅིག་སྡུད་དང་མཐུན་སྒྲིལ་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། མཐུན་སྒྲིལ་མཛའ་འབྲེལ་རྒྱ་བསྐྱེད་པ། རང་བཙན་ངོ་རྒོལ་གྱི་གཅིག་སྒྲིལ་སྟོབས་ཤུགས་རྒྱ་སྐྱེད་གཏོང་བ། རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཕྱོགས་ནས། དགེ་མཚན་འདོན་སྤེལ་དང་རང་འགུལ་གྱི་བྱེད་ཕྱོགས་ཡོད་པར་བྱས་ཏེ། ལས་དོན་ཁག་སོ་སོ་སྲ་བརྟན་གཏིང་ཟབ་ཏུ་གཏོང་བ་དང་། གསར་སྤེལ་ཁྲོད་མདུན་སྐྱོད་བྱེད་པར་སྐུལ་འདེད་བཏང་ནས། ཀྲུང་ཧྭའི་ཕྱི་རྒྱལ་མཐུན་འབྲེལ་ལྷན་ཚོགས་ཀྱི་གསེར་གྱི་སྒོ་བྱང་ལ་གསེར་འོད་འཕྲོ་བར་བྱས།
ཧྲི་ཐའེ་ཧྥིན་གྱིས་བསྟན་དོན། ཀྲུང་ཧྭའི་ཕྱི་རྒྱལ་མཐུན་འབྲེལ་ལྷན་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་ཕྱི་མཉམ་འདྲེས་ཀྱི་ཁྱད་འཕགས་དགེ་མཚན་འདོན་སྤེལ་དང་། ཞང་ཀང་དང་ཨོ་མིན། ཐའེ་ཝན་བཅས་ཀྱི་སྤུན་ཟླ་དང་ཕྱིར་སྡོད་རང་མི་བཅས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་པར་སྐུལ་མ་གཏོང་བ་དང་སྣེ་ཁྲིད་བྱས་ནས། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས། ཁྱབ་ཁོངས་ཡངས་ཤིང་ཐབས་ལམ་མང་བའི་དམངས་ཁྲོད་ཕྱི་འབྲེལ་ཧུར་ཐག་གིས་སྤེལ་ཏེ། ཀྲུང་གོ་དང་ཕྱི་རྒྱལ་གྱི་དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔེ་ལྟ། དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་བཏང་ནས། ཕན་ཐོགས་ཡོད་པའི་ཕྱི་ཕྱོགས་ཁོར་ཡུག་ཅིག་བསྐྲུན་དགོས། གཞི་རྩར་གྱུར་པའི་མིའི་སེམས་ཤུགས་དམ་འཛིན་ནན་མོ་བྱས་ཏེ། རྒྱལ་གཅེས་དང་ཞང་ཀང་ལ་གཅེས་པ།ཨོ་མིན་ལ་གཅེས་པའི་སྟོབས་ཤུགས་རྒྱ་སྐྱེད་དང་འཕེལ་རྒྱས་སུ་གཏོང་བ་དང་། རང་བཙན་ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་བར་མུ་མཐུད་སྐུལ་འདེད་གཏོང་བ། ཕྱི་རྒྱལ་གྱི་སྤུན་ཟླར་མཐུན་སྒྲིལ་སྣེ་ཁྲིད་བྱེད་པར་ཤུགས་བསྣན་ནས། མེས་རྒྱལ་ཡོངས་སུ་གཅིག་གྱུར་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་འབུལ་དགོས་ཟེར།
གྲོས་ཚོགས་ལས་ཀྲུང་ཧྭའི་ཕྱི་རྒྱལ་མཐུན་འབྲེལ་ལྷན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་དྲུག་པའི་འབྲེལ་ཡོད་མི་འདེམ་གྲོས་གཞིའི་མིང་ཐོ་སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་ཀྲུང་ཧྭའི་ཕྱི་རྒྱལ་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཚོགས་གཙོ་གཞོན་པ་དང་། རྒྱུན་ལས་ལས་འཛིན་པ་སོགས་གྲོས་ཚོགས་ལ་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།