2024ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཁུང་ཙིའི་རིག་གནས་དུས་ཆེན་ཧྲན་ཏུང་ཆུའུ་ཧྥུའུ་ནས་འགོ་བརྩམས།
2024.09.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ9པའི་ཚེས27ཉིན། 2024ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཁུང་ཙིའི་རིག་གནས་དུས་ཆེན་ཧྲན་ཏུང་ཆུའུ་ཧྥུའུ་ནས་འགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལའེ་མཛད་སྒོར་ཞུགས་ནས་དུས་ཆེན་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།

ཀྲུང་ཕྱིའི་སྐུ་མགྲོན་གྱིས་ཁུང་ཙིས་བཙུགས་པའི་རུའུ་ལུགས་པའི་ལྟ་བ་དང་དེའི་རྨང་གཞིའི་སྟེང་འཕེལ་རྒྱས་བྱུང་བའི་རུའུ་ལུགས་པའི་བསམ་བློ་ཡིས། ཀྲུང་གོའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཤིང་། མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ལའང་བཟང་ཕྱོགས་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད་པར་འདོད་ཅིང་། ཁུང་ཙིའི་རིག་གནས་དུས་ཆེན་དེ་གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་གཞི་ལག་ལེན་དུ་བསྟར་བ་དང་། དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔེ་ལྟ་བྱེད་ཤུགས་གཏིང་ཟབ་ཏུ་གཏོང་བའི་འདེགས་གཞི་ནུས་ལྡན་ཡིན་པས། འཛམ་གླིང་དཔལ་ཡོན་ཁ་བརྡར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བར། ཇེ་རྒྱས་ཇེ་ལེགས་སུ་འགྲོ་བའི་ཧུར་ཐག་གི་ནུས་པ་འདོན་བཞིན་ཡོད།

ཀྲུང་ཕྱིའི་སྐུ་མགྲོན་གྱིས་བསྟན་དོན། ཁུང་ཙིའི་བསམ་བློ་ནང་དུ་འདུ་བའི་རྒྱལ་ཁབ་སོ་སོའི་བསམ་བློ་པའི་རྩ་ཆེ་བའི་ཤུལ་བཞག་རྒྱུ་ནོར་ལ། ང་ཚོས་མཉམ་དུ་སྲུང་སྐྱོབ་བྱེད་འོས་ཤིང་། མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་གཏོང་དགོས། རླབས་ཆེན་སྔོན་རབས་པའི་བསམ་བློའི་ཁྲོད་ནས་ཉིང་བཅུད་བསྡུ་ལེན་དང་བྱས་ཏེ། གསར་གཏོད་རང་བཞིན་གྱི་ཚུལ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་སྲུང་སྐྱོབ་བྱེད་པ། ཞིབ་འཇུག་གསལ་འགྲེལ་དང་རྒྱུན་འཛིན་དར་སྤེལ་ཐུབ་པར་ཤུགས་སྣོན་བྱས་ནས། ཡུན་གཏན་གྱི་མཛེས་ཉམས་མངོན་པ་དང་དུས་རབས་ཀྱི་བཀྲག་མདངས་རྒྱས་པར་བྱེད་དགོས། གཞི་གྲངས་ཅན་འཕེལ་རྒྱས་ཀྱི་དུས་རབས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། འཛམ་གླིང་རིག་གནས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་དང་། ལས་རྣམ་གསར་པར་དམིགས་ཏེ། རིག་གནས་དང་དུས་རབས་མཉམ་སྐྱོད་ལ་སྐུལ་འདེད་བཏང་ནས། རིག་གནས་ཀྱི་འོད་སྣང་མི་རེའི་སེམས་ཀྱི་ཞིང་སར་འཐིམས་པར་བྱེད་དགོས། དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་གཏིང་ཟབ་ཏུ་བཏང་སྟེ། རིག་གཞུང་སྒྱུ་རྩལ་དང་རིག་གནས་ཤུལ་བཞག སྤྱི་བའི་རིག་གནས་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ཤུགས་སྣོན་པ་དང་། ཆུ་ཚད་མཐོ་བའི་ཚོང་རྟགས་བསྐྲུན་ནས། འཛམ་གླིང་དཔལ་ཡོན་གྱི་སྣ་བརྒྱའི་མེ་ཏོག་ལྡུམ་ར་སྔར་ལས་མཚར་སྡུག་ལྡན་པར་བྱེད་དགོས།

2024ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཁུང་ཙིའི་རིག་གནས་དུས་ཆེན་གྱིས་ཁུང་ཙི་དང་ཁ་བརྡ་བྱེད་དཔལ་ཡོན་དཔྱད་གཞིར་འཛིན་ཞེས་པ་བརྗོད་དོན་དུ་བཟུང་ཡོད་ཅིང་། ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་དང་། རིག་གནས་དང་ཡུལ་སྐོར་པུའུ། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་དུ་གཙོ་བསྒྲུབས་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།