ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བའི་དུས་འདིར། ཏང་ཀྲུང་དབྱང་གིས་ཆོག་མཆན་བཀོད་པ་བརྒྱུད། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རིམ་ལོ་རྒྱུས》ཞེས་པའི་དཔེ་ཚོགས་དེ་ཀྲུང་གུང་ཏང་གི་ལོ་རྒྱུས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། ཚེས་ཉེར་དགུ་ཉིན་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།
《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རིམ་ལོ་རྒྱུས》ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ་ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་དང་དམག་དོན། དཔལ་འབྱོར། རིག་གནས། སྤྱི་ཚོགས། ཕྱི་འབྲེལ། ཏང་འཛུགས་སོགས་ཕྱོགས་གང་ཅིའི་ཐད་ཀྱི་བྱ་འགུལ་གལ་ཆེན་གཙོ་གནད་དུ་བཟུང་ནས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་དང་། འཕེལ་རྒྱས་བྱུང་བ། སྟོབས་ཆེར་དར་བ་བཅས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་བགྲོད་ལམ་གང་ལེགས་སྒོས་མཚོན་ཡོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་རླབས་ཆེན་རྒྱལ་ཁ་བླངས་པའི་འབད་འཐབ་ཀྱི་ལོ་རྒྱུས་དང་། བློས་གཏོང་བར་མི་སྐྲག་པའི་ལོ་རྒྱུས། གཞུང་ལུགས་འཚོལ་ཞིབ་ཀྱི་ལོ་རྒྱུས། དམངས་ལ་བདེ་སྐྱིད་བསྐྲུན་པའི་ལོ་རྒྱུས། རང་ངོས་འཛུགས་སྐྲུན་གྱི་ལོ་རྒྱུས་བཅས་ཕྱོགས་ཡོངས་ནས་མཚོན་ཡོད། དཔེ་ཚོགས་འདི1921ལོ་ནས1949ལོའི་བར་ལོ་རེར་པོད་གཅིག་ཏུ་བསྒྲིགས་ཡོད་པ་དང་། བསྡོམས་པས་པོད29དང་ཡིག་འབྲུ་ས་ཡ་དགུ་ལྷག་ཡོད་ཅིང་། ད་ལྟའི་བར་ནང་དོན་ཆེས་ཕུན་སུམ་ཚོགས་པ་དང་བོང་ཚད་ཆེས་ཆེ་བའི་ཏང་གི་ལོ་རྒྱུས་ཀྱི་རྨང་གཞིའི་གསུང་རྩོམ་ཞིག་རེད།
《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རིམ་ལོ་རྒྱུས》པར་སྐྲུན་བྱས་པ་དེས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་། 《ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་བྱ་བའི་སྐོར་གྱི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱེད་པ། ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་ལ་དབང་གྲགས་ལྡན་པའི་བསླབ་གཞི་དང་རྨང་གཞིའི་ཀློག་དེབ་འདོན་སྤྲོད་བྱས་ཡོད་པས། ང་ཚོས་དུས་རབས་གསར་པའི་སྐྱོད་ལམ་གསར་པའི་སྟེང་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་པ་དང་། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན།
ཤ་བོ་རིན་མཚོས་བསྒྱུར།