ཟླ9པའི་ཚེས29ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཟི་ལིང་དུ་འགག་གསུམ་སྡེ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། རྐང་གཉེར་དབུ་གཙོ་ལིའུ་ཝེ་ཕིང་དང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། སྤྱི་གཉེར་པ་ལིས་ཧྥུའུ་མེན་སོགས་དང་བཞུགས་མོལ་བྱས་པར་མ་ཟད། ཞིང་ཆེན་སྲིད་གཞུང་དང་ཀྲུང་གོའི་འབྲི་ཆུའི་འགག་གསུམ་སྡེ་ཚོགས་ཚད་ཡོད་ཀུང་ཟི་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཉམ་ལས་ཟབ་མོར་སྤེལ་བའི་གྲོས་ཆོད་བཀོད་པར་མཉམ་དུ་བདེན་དཔང་བྱས།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ལིའུ་ཝེ་ཕིང་དང་ལིས་ཧྥུའུ་མེན་སོགས་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས་པ་དང་། འགག་གསུམ་སྡེ་ཚོགས་ཀྱིས་དུས་ཡུན་རིང་པོར་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ཞིང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ཀྱི་གོ་གནས་ལ་རྐང་བཙུགས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་པའི་སྔོན་འགྲོའི་འོག གལ་ཆེ་བ་དམ་འཛིན་དང་གལ་མི་ཆེ་བ་ཟུར་འཇོག་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གོམ་པ་བརྟན་པོ་སྤོ་བར་སྐུལ་འདེད་བཏང་། ཉེ་སྔོན། མཚོ་སྔོན་གྱིས་ལོ་རྒྱུས་སྟེང་གི་འཕེལ་རྒྱས་ཀྱི་དུས་རབས་ཆེས་བཟང་ཤོས་དེ་བསུས་ཤིང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་འགག་གསུམ་སྡེ་ཚོགས་སོགས་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ཁེ་ལས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག དག་གཙང་ནུས་ཁུངས་འཕེལ་རྒྱས་ཐད་ཡར་ཐོན་བྱུང་སྟེ། ནུས་ཁུངས་གསར་པའི་འཕྲུལ་ཆས་ཀྱི་ཤོང་ཚད་དང་གློག་གཏོང་ཚད་གཉིས་ཀྱིས་གོ་གནས་གཙོ་བོ་ཟིན་པ་དང་། མགྱོགས་མྱུར་ངང་ལྗང་མདོག་གློག་ནུས་དེ་ལྗང་མདོག་རྩིས་ནུས་སུ་ཚུར་སྒྱུར་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད། ཕྱོགས་གཉིས་ཀྱིས་ཐེངས་འདིར་གྲོས་ཆོད་བཀོད་པ་དེ་འགོ་རྩོམ་ས་གསར་པར་བརྩིས་ནས། གཉིས་ཕན་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ལས་གཞི་གལ་ཆེན་མགྱོགས་མྱུར་སྒོས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ཐོན་ལས་སྐུལ་ཁྲིད་དང་ཁོར་ཡུག་བཅོས་སྐྱོང་། ཐོན་སློབ་མཉམ་འདྲེས་སོགས་ཀྱི་ཕྱོགས་ནས་མཉམ་ལས་ཟབ་མོ་བྱེད་པ་དང་། སྟོབས་ཤུགས་གཅིག་སྡུད་ཀྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་རེ་བ་བྱེད་ཀྱིན་ཡོད་ཟེར།
ལིའུ་ཝེ་ཕིང་དང་ལིས་ཧྥུའུ་མེན་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཡུན་རིང་པོར་འགག་གསུམ་སྡེ་ཚོགས་ལ་ཡིད་ཆེས་དང་། རྒྱབ་སྐྱོར། རོགས་རམ་བཅས་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། འགག་གསུམ་སྡེ་ཚོགས་ཀྱི་བཅོས་སྒྱུར་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་བྱས། ལིའུ་ཝེ་ཕིང་གིས་བསྟན་དོན། ད་ལོ་ནི་འགག་གསུམ་ལས་གཞི་འཛུགས་སྐྲུན་བྱས་ནས་ལོ་སུམ་ཅུ་འཁོར་བའི་ལོ་ཡིན་པ་དང་། འགག་གསུམ་སྡེ་ཚོགས་དེ་འགག་གསུམ་ལས་གཞིར་བརྟེན་ནས་བྱུང་ཞིང་། འགག་གསུམ་དེ་འབྲི་ཆུ་དང་། རྒྱལ་ཡོངས། རྒྱ་མཚོ་དང་། འཛམ་གླིང་བཅས་ལ་ཕྱོགས་ནས། ད་སྐབས་གོ་ལ་ཧྲིལ་བོའི་ཆུ་གློག་གསར་འབྱེད་འཁོར་རྒྱུག་ཁེ་ལས་དང་རང་རྒྱལ་གྱི་སྔོན་ཐོན་དག་གཙང་ནུས་ཁུངས་སྡེ་ཚོགས་སུ་གྱུར་ཡོད། མཚོ་སྔོན་ནི་འགག་གསུམ་སྡེ་ཚོགས་ཀྱི་འཐབ་ཇུས་འཕེལ་རྒྱས་གནས་ཡུལ་གཙོ་བོ་ཡིན་པས། ཕྱོགས་གཉིས་ཀྱི་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། འགག་གསུམ་སྡེ་ཚོགས་ཀྱིས་རང་ངོས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། མཚོ་སྔོན་གྱི་ཐོན་ཁུངས་དགེ་མཚན་ལ་རྐང་བཙུགས་ནས། མཚོ་སྔོན་དུ་བསྐྱོད་ཅིང་། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་པའི་ཐད་འགག་གསུམ་སྡེ་ཚོགས་ཀྱི་བྱས་རྗེས་སྔར་ལས་མང་པོ་འཇོག་རྒྱུ་ཡིན་ཟེར།
ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་དང་། འགག་གསུམ་སྡེ་ཚོགས་ཀྱི་ཏང་ཙུའུ་ཁོངས་མི། སྤྱིའི་གཉེར་པ་གཞོན་པ་ཝང་ཞིན་ཝེ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཚབ་བྱས་ནས་གྲོས་ཆོད་བཀོད། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་གྲོས་ཆོད་འགོད་པའི་མཛད་སྒོར་ཞུགས།
ལྷ་མོ་འཚོས་བསྒྱུར།