ཟླ9པའི་ཚེས29ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་། རང་ཞིང་གི་ལག་བསྟར་དང་དངོས་འབེབས་བསམ་ཚུལ་ལ་ཞིབ་འཇུག་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།
གྲོས་ཚོགས་ལས་བསྟན་དོན། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། རང་ཞིང་གི་མིག་སྔའི་དཔལ་འབྱོར་འཁོར་སྐྱོད་གནས་བབ་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། ཡིད་ཆེས་ཇེ་བརྟན་དང་ལས་སྒྲུབ་ཐོག་མར་འཛིན་པ། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་དགོས་པའི་བྱ་བའི་བླང་བྱ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་ནས་མངོན་པར་བྱེད་དགོས། སྲིད་ཇུས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། རྒྱལ་ཁབ་ཀྱིས་ཉེ་ལམ་འགྲེམ་སྤེལ་བྱས་པའི་དངུལ་རྩ་དང་འཛད་སྤྱོད། དམངས་ཚིས་སོགས་ཀྱི་སྲིད་ཇུས་རབ་དང་རིམ་པར་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་ཞིབ་འཇུག་བྱེད་པ་དང་། སྲིད་ཇུས་ཀྱི་འགོ་འཛུགས་ས་དང་རྐང་ཚུགས་ས་ཡང་དག་པར་བཙལ་ནས་། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་ཁེ་བཟང་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་འགྱུར་བར་འབད་པ་བྱེད་དགོས། ཐོན་ལས་འཕེལ་རྒྱས་སྟེང་ཐོལ་བརྒལ་ཡོད་པར་བྱས་ཏེ། དག་གཙང་ནུས་ཁུངས་དང་ལྗང་མདོག་འཕེལ་རྒྱས་སོགས་འཕེལ་རྒྱས་ཀྱི་དུས་སྐབས་གལ་ཆེན་ལ་དམིགས་པ་དང་། འཐབ་ཇུས་ཀྱི་ངེས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ། ཐོན་ལས་ཀྱི་གནས་བཞིའི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐོན་ལས་དེ་མཐོ་རིམ་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་དུ་ཚུལ་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཚོ་སྔོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བའི་གཞི་རྩ་ཇེ་བརྟན་དུ་གཏོང་དགོས། བཅོས་སྒྱུར་བྱེད་ཐབས་དངོས་འབེབས་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་དང་ཐོན་ལས་གསོ་སྐྱོང་། བཅོས་སྒྱུར་དངོས་འབེབས། དམངས་ཚིས་འགན་སྲུང་། ཉེན་ཁ་སྔོན་འགོག་སོགས་ཀྱི་བྱ་བ་གཅིག་འདོམས་ཀྱིས་དམ་འཛིན་བྱེད་པ་དང་། བཅོས་སྒྱུར་བསམ་ཕྱོགས་ཀྱིས་སྲིད་ཇུས་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་ནས། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་ཧུར་ཐག་གིས་ཡོངས་འགྲུབ་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ75འཁོར་བར་བསུ་མ་བྱེད་པའི་དུས་སྐབས་གལ་ཆེན་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་དེས། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་ཁ་ཕྱོགས་གསལ་བོ་བསྟན་པ་དང་། གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད་ལ། ད་ལོར་མཐོག་དང་པོར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིང་ཐོག་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་གནང་བ་དེར་དོན་སྙིང་ཧ་ཅང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་། ཏང་གི་མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས་ཆ་ཚང་ཞིང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་རྐང་དུ་བྱས་ཏེ། དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ་དེ་གྲངས་ཀ་སྔོན་ལ་འཇོག་པ་ནས་དཔེ་སྟོན་སྣེ་ཁྲིད་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་རྣམ་པ་སྔར་ལས་ལེགས་པོ་ཞིག་བསྐྲུན་ཏེ། དཔེ་སྟོན་དཔེ་མཚོན་གྱི་མཛད་རྗེས་ཤུགས་ཆེན་པོས་དར་སྤེལ་གཏོང་བ་དང་། དཔེ་མཚོན་དཔེ་སྟོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རང་ཞིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གྱི་གོ་རིམ་རྗེས་མའི་བྱ་བར་འཆར་འགོད་གང་ལེགས་བྱས་ཏེ། གྲོང་ཁྱེར་གྱི་མི་རིགས་ལས་དོན་ལ་ཤུགས་སྣོན་པ་དང་། མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་ནས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་དེ་དུས་ཚོད་ལྟར་དང་ཚད་གཞི་མཐོ་བའི་སྒོ་ནས་ལེགས་འགྲུབ་འབྱུང་བར་ཁག་ཐེག་དང་། རང་ཞིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་མུ་མཐུད་དུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིན་ཅང་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་ལོ་ངོ70འཁོར་བར་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། སྔོན་ཐོན་ཉམས་མྱོང་དང་བྱེད་ཐབས་ལ་དཔེ་ལྟ་དང་སློབ་སྦྱོང་བཟང་པོ་བྱེད་དགོས་ཤིང་། ཞིང་ཆེན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་རྐང་དུ་བྱེད་པ། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་སྣེ་ཁྲིད་དུ་བྱས་ནས། བློ་དཀར་ཞིང་རང་འགན་གཙང་མར་སྒྲུབ་ལ་བྱང་ཚད་མཐོ་བའི་ལས་བྱེད་པ་སྔར་ལས་མང་པོ་གསོ་སྐྱོང་བྱེད་དགོས་ཞེས་བསྟན།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཏང་གི་མི་དམངས་འཐུས་མིའི་ཚོགས་ཆེན་དང་སྲིད་གྲོས་བྱ་བའི་ཐད་ཀྱི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་བསྣན་ནས། དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་དབང་ལག་བསྟར་བྱེད་པ་དང་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱེད་པ་དང་། སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པར་རྒྱབ་སྐྱོར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དམངས་ཆེན་གྱི་ཁྲིམས་འཛུགས་དང་ལྟ་སྐུལ། མང་ཚོགས་ལ་འབྲེལ་འདྲིས་བྱེད་པ་སོགས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པ་དང་། ཁྲིམས་འཛུགས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་དམ་འཛིན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བའི་ཐད་དམངས་ཆེན་གྱི་བྱས་རྗེས་འཇོག་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཀྱིས་གྲོས་མོལ་དམངས་གཙོ་དེ་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ་དང་། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས།
གྲོས་ཚོགས་ནས་བསྟན་དོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་བཅོས་སྐྱོང་བྱེད་པའི་སྐོར་གྱི་བླང་བྱ་ལྟར། རྒྱུན་མཐུད་ངང་གཅིག་བསྡུས་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བ་དང་། བཅོས་བསྒྱུར་ཐད་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་འགན་འཁྲི་མཐོན་པོས་ཁྲིམས་དང་འགལ་ནས་འཚམས་རྟགས་སྟེར་ལེན་བྱེད་པའི་གནད་དོན་ལ་ཆེད་དོན་བཅོས་སྐྱོང་བྱེད་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་འགན་འཁྲི་མི་སྣ་དང་པོའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། རང་དཔེ་གཞན་སྟོན་དང་གོང་རིམ་གྱིས་འོག་རིམ་གྱི་འགོ་ཁྲིད་པ། ཏང་ཡོན་ལས་བྱེད་པའི་སློབ་གསོ་སྣེ་ཁྲིད་ལ་ཤུགས་བསྣན་ནས། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་ཀྱིས་དྲང་ཕྱོགས་ཀྱི་ནུས་པ་ལྡན་པའི་སྤྱི་ཚོགས་ཀྱི་སྐྱེ་ཁམས་གྲུབ་པར་སྣེ་ཁྲིད་བྱེད་དགོས།
གྲོས་ཚོགས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཆོད་དོན་ལག་བསྟར་བྱེད་པའི་ལས་འགན་གཙོ་བོའི་བགོ་བཤའ་ཇུས་གཞི་ལ་གྲོས་ཞིབ་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བཅོས་སྒྱུར་གྱི་འཐབ་ཇུས་གཙོ་གནད་དང་སྔོན་འགྲོའི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་བཅོས་སྒྱུར་ལས་འགན་གྱི་རྩ་འཛུགས་ལག་བསྟར་དམ་འཛིན་བྱེད་པ། འགན་འཁྲི་ལག་བསྟར་དང་སྟོབས་ཤུགས་གཅིག་སྒྲིལ། རྗེས་འདེད་ལྟ་སྐུལ་ལ་ཤུགས་སྣོན་དགོས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་བཅོས་སྒྱུར་གྱི་ལས་འགན་གཙོ་བོར་སྐུལ་འདེད་གཏོང་བ་དང་། ལངས་གནས་ཇེ་མཐོར་གཏོང་བ་དང་ཁག་ཁུར་འབད་འཐབ་བྱེད་པ། བསམ་བློ་གཏོང་ཕྱོགས་བསྒྱུར་བ། བྱེད་ཐབས་དང་རྣམ་པར་དོ་སྣང་བྱེད་པ། དཀའ་ངལ་གདོང་གིས་བསུ་ཕོད་པ་དང་། གནས་བརྗེ་བསམ་གཞིགས་དང་རང་སར་གཞན་འཇོག་བྱེད་པ། རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱེད་པ་དང་ཞབས་འདེགས་ཞུ་བའི་ཐད་དུ་འགྲེང་ནས། བཅོས་སྒྱུར་ལ་བརྟེན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ནས་སྐྱེ་ཁམས་ཁོར་ཡུག་ཁུལ་བགོས་བཀག་སྡོམ་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་གྲོས་གཞི་ལ་གྲོས་ཞིབ་བྱས། ཚོགས་ཐོག་ཏུ་བསྟན་དོན། སྐྱེ་ཁམས་སྲུང་སྐྱོབ་དམར་མཚམས་སུ་བྱེད་པ་དང་། ཁོར་ཡུག་གི་སྤུས་ཚད་ཚད་མཐའ་རུ་བྱེད་པ། ཐོན་ཁུངས་བེད་སྤྱོད་ཡས་མཐའ་དང་སྐྱེ་ཁམས་ཁོར་ཡུག་འཇུག་ཆོག་གསལ་ཁྲ་སྲོག་ཤིང་དུ་བྱས་པའི་སྐྱེ་ཁམས་ཁོར་ཡུག་གི་ཁུལ་བགོས་བཀག་སྡོམ་ལམ་ལུགས་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ། བཀག་སྡོམ་ཚན་པའི་ཚན་རིག་ཞིབ་ལེགས་ཀྱི་དབྱེ་བགར་ལ་བརྟེན་ནས་འགོ་ཁུངས་ཀྱི་བཅོས་སྐྱོང་མངོན་འགྱུར་བྱེད་པ། ཆུ་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་བཟོ་སྐྲུན་བྱས་ཏེ། མཛེས་སྡུག་མཚོ་སྔོན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ནས་རང་ཞིང་གི་ཁྲིམས་འགལ་དངུལ་རྩའི་བྱ་འགུལ་ལ་འགོག་ཟོན་དང་རྡུང་རྡེག་བྱེད་པའི་བྱ་བར་ཞིབ་འཇུག་བྱས། ཚོགས་ཐོག་ཏུ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དངུལ་རྩའི་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཁྲིམས་ལྟར་དངུལ་རྩའི་བྱ་འགུལ་ཡོངས་རྫོགས་ལྟ་སྐུལ་དོ་དམ་ཁྲོད་འཇོག་པ། ལྟ་སྐུལ་དོ་དམ་ཐད་ཀྱི་སྟོང་ཆ་མེད་པར་བྱེད་པ། སྟོབས་ཤུགས་གཅིག་སྡུད་བྱེད་པར་གཅིག་འདོམས་བྱས་ནས། ཁྲིམས་འགལ་དངུལ་རྩའི་བྱ་འགུལ་ལ་རྡུང་རྡེག་ནན་མོ་བྱེད་དགོས། ལྟ་སྐུལ་དོ་དམ་གྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། དངུལ་རྩའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་སྣ་ཚོགས་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་པའི་སྒྲིག་གཞི་རྐྱེན་སྲོལ་དང་མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་དགོས།
གྲོས་ཚོགས་ནས་རྒྱལ་སྟོན་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ལས་རེས་ལས་སྲུང་ལ་ཤུགས་བསྣན་ནས། བདེ་འཇགས་ཐོན་སྐྱེད་དང་རིན་གོང་བརྟན་འཇགས་དང་མཁོ་འདོན་འགན་སྲུང་། མང་ཚོགས་ཕྱིར་བསྐྱོད་པ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས། ཉེ་ལམ་རང་ཞིང་དུ་ད་དུང་ཆར་བ་འབབ་ཀྱིན་ཡོད་པས། ཆར་འབབ་ཚད་དང་ཆར་ཆུའི་གནས་ཚུལ། ས་གཤིས་གནོད་འཚེ་སོགས་ཀྱི་སྔོན་བརྡ་དང་ལྟ་ཞིབ་ལ་ཤུགས་བསྣན་ནས། སྤྲོ་སྐྱིད་ཞི་འཇགས་ཀྱི་སྣང་ཚུལ་བསྐྲུན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བར་བསུ་མ་བྱེད་དགོས་ཞེས་བསྟན།
རིན་ཆེན་མཚོ་དང་རིག་འཛིན་སྒྲོལ་མ་གཉིས་ཀྱིས་བསྒྱུར།