ཀྲུང་གོ་གསར་པ་དང་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་ཆེད། ཟླ9ཚེས29ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་ཁང་སྒོ་ཕྱེ་བའི་མཛད་སྒོ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆིས་ཧྥན་བཅས་སྒོ་ཕྱེ་བའི་མཛད་སྒོར་ཞུགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་སྒོ་ཕྱེ་བའི་ཤིས་ཚིག་ཕུལ།
མགོན་པོ་བཀྲ་ཤིས་ཀྱིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་ཁང་བསྐྲུན་ནས་སྒོ་ཕྱེ་བ་དེ་ནི་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་དོན་ཆེན་དང་བཀྲ་ཤིས་པའི་དོན་དག་གལ་ཆེན་ཞིག་དང་དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེ་བྲག་གི་བྱེད་ཐབས་ཤིག་ཀྱང་ཡིན། ཞིང་ཆེན་སྲིད་གྲོས་ཀྱིས་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་དགེ་མཚན་དང་རིག་གནས་དང་ལོ་རྒྱུས་ཡིག་རིགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ་དང་ཟུང་འབྲེལ་བྱས་ནས། རིག་གནས་ལོ་རྒྱུས་ཁང་དེ་བློ་སེམས་ཏང་ལ་ཕྱོགས་པའི་གཡུལ་ས་གལ་ཆེན་ཞིག་དང་སེམས་ཤུགས་གཅིག་སྒྲིལ་གྱི་གཞི་རྟེན་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་པ་དང་། མཐུན་སྒྲིལ་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་དང་ལོ་རྒྱུས་ཉར་ཚགས་ཀྱིས་མི་གསོ་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱར་སློབ་སྦྱོང་དང་། དྲིལ་བསྒྲགས། འགྲེལ་བཤད་བཅས་ཡག་པོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོ་དང་ལས་རིགས་སོ་སོས་མཐུན་སྒྲིལ་འབད་འཐབ་བྱེད་པའི་དྲང་ནུས་ཆེན་པོ་རྒྱུན་ཆད་མེད་པར་གཅིག་ཏུ་སྒྲིལ་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་མཛད་སྒོར་ཞུགས། ཞིང་ཆེན་ཏང་སྲིད་ཀྱི་འབྲེལ་ཡོད་སྡེ་ཁག་དང་། དམངས་གཙོའི་ཏང་ཁག་སོ་སོ་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། གྲོང་ཁྱེར་(ཁུལ་)སོ་སོའི་སྲིད་གྲོས་ཀྱི་འགན་འཁུར་བློ་མཐུན། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ཐིན་རིམ་པའི་ལས་བྱེད་པ། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་འཐུས་མི་སོགས་མཛད་སྒོར་ཞུགས།
མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་ཁང་དེ་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ཐོག་ཁང་ལྷོ་མའི་ནུབ་ངོས་སུ་གནས་པ་དང་། སྤྱི་ཚོགས་ཡོངས་ལ་ཕྱོགས་ནས་སྒོ་ཕྱེ་བ་དང་། དེའི་གཞི་ཁྱོན་ལ་སྨི་གྲུ་བཞི་མ1500ཙམ་ཟིན་ཡོན། འགྲེམས་ཁུལ་ཆེ་གྲས་ལྔ་ལ་དབྱེ་ནས་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་། མི་དམངས་སྲིད་གྲོས། མཚོ་སྔོན་ཞིང་ཆེན་སྲིད་གྲོས། ཞིང་ཆེན་རིམ་པའི་དམངས་གཙོའི་ཏང་ཁག བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་ནང་དོན་འགྲེམས་སྟོན་བྱས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།