རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ9ཚེས29ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་འགོ་འཛིན་མཛད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང་གནང་བའི་མིག་སྔའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱས་ཏེ། སྲིད་ཇུས་དང་བྱེད་ཐབས་གསར་པ་རབ་དང་རིམ་པ་དོན་འཁྱོལ་བྱེད་པའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་མཛད། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་དཔལ་འབྱོར་གནས་བབ་སྐོར་གྱི་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པའི་ཐོག་གཅིག་གྱུར་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ཡག་པོ་བྱེད་པ་དང་། གཏན་ལ་ཕབ་པའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་པ། སྤྱི་ཁོག་སྙོམས་སྒྲིག་ལག་བསྟར་ནུས་ལྡན་བྱེད་པ། སྲིད་ཇུས་སྣ་ཚོགས་མཐུན་སྦྱོར་ཤུགས་འདོན་ལ་སྐུལ་འདེད་གཏོང་བ། སྡེབ་སྒྲིག་ཡག་པོ་བྱེད་པ། དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་བཅས་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཧུར་ཐག་གིས་ཡོངས་འགྲུབ་བྱེད་དགོས། སྲིད་ཇུས་རེ་རེ་བཞིན་དུ་འགན་འཁྲི་ལས་བགོས་གསལ་བོ་བྱེད་པ་དང་། ལག་བསྟར་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། ཆ་རྐྱེན་བལྟོས་བཅས་ཀྱི་འཐུས་ཚང་ཡིན་པའི་སྲིད་ཇུས་མྱུར་དུ་འདོན་པ། སྲིད་ཇུས་སྔར་ལས་བྱེ་བྲག་དང་འཐུས་ཚང་དུ་གཏོང་བར་འབྲེལ་ཡོད་ལས་དོན་དམ་འཛིན་གྱིས་ཡག་པོར་བསྒྲུབ་པ་དང་ཆ་རྐྱེན་འཛོམས་ན་སྐོར་ཞིག་ལག་བསྟར་བྱེད་དགོས། སྡེ་ཁག་སོ་སོས་ཉེན་གཡོལ་མི་བྱེད་པ་དང་འགན་འཁྲི་གཞན་དཀྲི་མི་བྱེད་པར་བྱ་བའི་སྒུལ་ཤུགས་ཆེན་པོ་ཆགས་སུ་འཇུག་དགོས། དུས་མཚུངས་སུ་གནས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ནས་སྲིད་ཇུས་དང་བྱེད་ཐབས་གསར་པར་དུས་ཐོག་ཏུ་ཞིབ་འཇུག་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཕྱོགས་སོ་སོའི་བསམ་འཆར་ལ་ཉན་པ་དང་། སྲིད་ཇུས་དང་བྱེད་ཐབས་རྒྱུན་ཆད་མེད་པར་ལེགས་བཅོས་དང་འཐུས་ཚང་དུ་གཏོང་དགོས། སྲིད་ཇུས་གསལ་འགྲེལ་བྱེད་ཤུགས་ཆེ་རུ་བཏང་ནས་ཐུན་མོང་གི་ངོས་འཛིན་གཅིག་བསྡུས་དང་ཡིད་ཆེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས།
གྲོས་ཚོགས་ལས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ཀྱི་གཙོ་གནད་ལས་གཞི102ལག་བསྟར་བྱེད་པ་ཇེ་མགྱོགས་སུ་གཏོང་བའི་འབྲེལ་ཡོད་བྱེད་ཐབས་བཀོད་སྒྲིག་བྱས། གྲོས་ཚོགས་ལས་བསྟན་དོན། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་སུ་གཙོ་གནད་ལས་གཞི་གལ་ཆེན102ལག་བསྟར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་མིག་སྔར་དང་ཡུན་རིང་སྤྱི་འདོམས་བྱེད་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན། སྤྱི་ཡོངས་ལ་གཞི་ཚུགས་ནས་ལས་གཞི་གལ་ཆེན་ལག་བསྟར་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཕྱོགས་ཡོངས་ཀྱི་འགན་འཁྲི་སྔར་ལས་ཇེ་དྲག་ཏུ་གཏོང་བ། སྡེ་ཁག་བར་མཐུན་སྦྱོར་དང་ཀྲུང་དབྱང་དང་ས་གནས་བར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། མ་དངུལ་གྱི་རྒྱབ་སྐྱོར་དང་རྒྱུ་ཆ་གཙོ་བོའི་ཐོན་ཁུངས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། དཀའ་ཁག་དང་དཀའ་གནད་སེལ་བ་བཅས་བྱས་ཏེ། ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་སྔོན་དཔག་གི་ཕན་འབྲས་ཐོབ་པར་འགན་ལེན་བྱེད་དགོས།
གྲོས་ཚོགས་ལས་ཀུན་ཕན་བཅོལ་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་ཞིབ་འཇུག་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཀུན་ཕན་བཅོལ་གསོ་ཞབས་ཞུའི་མ་ལག་འཛུགས་རྒྱུ་ནི་མི་གྲངས་ཡུན་རིང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་རྒྱབ་སྐྱོར་བྱེད་ཐབས་གལ་ཆེན་ཞིག་ཡིན། དཔལ་འབྱོར་འཕེལ་རྒྱས་དང་། མི་གྲངས་གྲུབ་ཚུལ། བཅོལ་གསོའི་དོན་དངོས་ཀྱི་དགོས་མཁོ་སོགས་ཀྱི་རྒྱུ་རྐྱེན་ལ་སྤྱི་འདོམས་བསམ་གཞིག་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་བཅོལ་གསོ་ཞབས་ཞུའི་མ་ལག་འཆར་འགོད་དང་། བཅོལ་གསོ་གཞི་གཅིག་ཅན་གྱི་ཞབས་ཞུ་འཕེལ་རྒྱས་ཆེན་པོ་གཏོང་བ། བཅོལ་གསོ་ཞབས་ཞུའི་གནད་སྨིན་མཁོ་སྤྲོད་ལེགས་བཅོས་བྱེད་པ། སྡེ་ཁུལ་གྱི་བཅོལ་གསོ་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་ངང་གསབ་པ་བཅས་བྱས་ནས། མང་ཚོགས་ལ་ཐག་ཉེ་ས་དང་སྟབས་བདེ་ཡིན་པའི་བཅོལ་གསོ་ཞབས་ཞུ་ཧུར་ཐག་གིས་འདོན་སྤྲོད་བྱེད་དགོས།
གྲོས་ཚོགས་ལས་ཤེས་བྱའི་ཐོན་དབང་གི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྙན་ཞུར་ཉན། གྲོས་ཚོགས་ལས་བསྟན་དོན། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་པ་ནི་སྲུང་སྐྱོབ་གསར་སྐྲུན་ཞིག་ཡིན། ཤེས་བྱའི་ཐོན་དབང་གི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལས་འགན་མགྱོགས་མྱུར་ངང་དོན་འཁྱོལ་བྱེད་པ་དང་། ཤེས་བྱའི་ཐོན་དབང་གིས་འགག་རྩའི་ལྟེ་བའི་ལག་རྩལ་མཁྲེགས་གཏོར་ལ་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཆེད་ཁེ་གཞན་སྒྱུར་བེད་སྤྱོད་ཀྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་བ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་མ་ལག་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱེད་པ། ཚན་རྩལ་རང་སྟོབས་རང་སྤེལ་མངོན་འགྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བཅས་བྱེད་དགོས།
གྲོས་ཚོགས་ལས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཁྱབ་སྤེལ་གཏོང་བའི་སྐོར་གྱི་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་སྐོར་གྱི་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》ལ་གྲོས་བསྡུར་བྱས་པར་མ་ཟད་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་ཞིང་། འཆར་ཟིན་དེ་གཉིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་འབུལ་རྒྱུའི་གྲོས་ཐག་བཅད།
གྲོས་ཚོགས་ལས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།