ཕྱི་རྒྱལ་གྱི་འགོ་ཁྲིད་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།
2024.10.02 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 17

ཉེ་སྔོན་རྒྱལ་ཁབ་དང་སྲིད་ཏང་མང་བོའི་མགོ་ཁྲིད་པ་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་མི་སྣས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་བཏང་བའམ་འཕྲིན་ཡིག་བསྐུར་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཀྲུང་གོ་ཕྱོགས་ལ་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས། ཀྲུང་གོའི་མི་དམངས་བདེ་སྐྱིད་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་པར་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག་ཏུ། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས། ཚན་རྩལ་བཅས་ཀྱི་འཕེལ་རྒྱས་ལ་འཛམ་གླིང་མི་ཡིས་དོ་སྣང་བྱེད་བཞིན་ཡོད་པ་དང་། རྒྱལ་སྤྱིའི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཇེ་མཐོར་སོང་ནས། རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་གལ་ཆེན་ཐག་གཅོད་བྱེད་པར་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་ཟེར། ཨུ་རུ་སིའི་ཕྱོགས་ཀྲུང་གོའི་བར་གྱི་ཁྱིམ་མཚེས་མཛའ་མཐུན་ལ་མཐོང་ཆེན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཨུ་རུ་སི་དང་ཀྲུང་གོའི་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་སྲ་བརྟན་དུ་གཏོང་འདོད་ཡོད་ཟེར།

ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ཏུ། ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་བཏང་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་སྟེང་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད་ལ། ཕྱོགས་བསྡུས་རྒྱལ་ཤུགས་དང་རྒྱལ་སྤྱིའི་གོ་གནས་ཉིན་རེ་བཞིན་མཐོར་འདེགས་འགྲོ་བཞིན་ཡོད། ཀྲུང་གོའི་མི་དམངས་དག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གི་མཐའ་བསྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ན། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཐུབ་ངེས་རེད། རྒྱུན་ཆད་མེད་པར་ཁྲའོ་ཞན་དང་ཀྲུང་གོའི་སྲོལ་རྒྱུན་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་ནི་ཁྲའོ་ཞན་ཏང་དང་སྲིད་གཞུང་གིས་ནམ་རྒྱུན་གྱི་ལངས་ཕྱོགས་ཡིན་པ་དང་། ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་འབྲེལ་བ་དེ་དུས་རབས་གསར་བའི་ནང་སྔར་ལས་སྲ་བརྟན་དུ་འགྱུར་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་གྱིས་བསྟན་དོན། ལོ་ངོ75རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་ཁག་ཁྱད་བསལ་སྒོས། རྒྱལ་ཁབ་འཛུགས་སྐྲུན་གྱི་འཕེལ་རྒྱས་ལས་དོན་ཁྲོད་བླངས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་ཁ་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་མགོ་ཁྲིད་འོག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་འོག ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གུང་སྐབས་ཉི་ཤུ་པ་ནས་བཏོན་པའི་དམིགས་འབེན་ལས་འགན་དང་འཕེལ་རྒྱས་འཐབ་ཇུས་མངོན་འགྱུར་བྱེད་ཐུབ་པ་དང་། སྔ་མོ་ནས་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཐུབ་པར་ཡིད་ཆེས་ཡོད། ཡའོ་ནན་གྱིས་ཀྲུང་གོའི་བར་གྱི་ཁྱིམ་མཚེས་མཛའ་མཐུན་དང་ཕྱོགས་ཡོངས་ཀྱི་མཉམ་ལས་འབྲེལ་བ་སྲ་བརྟན་དུ་གཏོང་བ་དེ་བྱ་བ་གཙོ་བོ་དང་འཐབ་ཇུས་གདམ་གསེས་སུ་བྱས་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ལག་རྡང་སྦྲེལ་ནས་ཡའོ་ནན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་འདོད་ཡོད་ཟེར།

ལའོ་ཝའོ་མི་དམངས་གསར་བརྗེའི་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལོན་གྱིས་ལོ75རིང་ལ་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་མཆོང་བསྐྱོད་རང་བཞིན་གྱི་ཡར་རྒྱས་བྱུང་ཡོད་པ་དང་། ཀྲུངགོའི་མི་དམངས་ཀྱིས་བླངས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་རླབས་ཆེན་གྲུབ་འབྲས་ལས་ལའོ་ཝའོ་ཕྱོགས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད། ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་མགོ་ཁྲིད་འོག ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་ཁྲོད་ནས་རྒྱུན་ཆད་མེད་པར་གྲུབ་འབྲས་སྔར་ལས་ཆེན་པོ་ལོན་ཐུབ་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ཡིད་ཆེས་བརྟན་པོ་ཡོད། ལའོ་ཝའོ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཛའ་མཐུན་མཉམ་ལས་ལ་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ལའོ་ཝའོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་བཟང་བོ་ཐོབ་པར་བྱེད་འདོད་ཡོད་ཟེར།

ཁུ་པཱ་གསར་བརྗེའི་མགོ་ཁྲིད་པ་དམག་དཔོན་ལའོ་ཨར་ཁཱ་སི་ཐི་ལོ་དང་ཁུ་པཱ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་བསྟན་དོན། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ75འགོར་བའི་རིང་ལ་གྲུབ་འབྲས་ཆེན་པོ་བླངས་པ་ལས་སྤྱི་ཚོགས་རིང་ལུགས་ཀྱིས་མིག་སྔའི་རྙོག་འཛིང་ཆེ་བའི་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བཟང་བོ་བྱེད་ཐུབ་པ་བདེན་དཔང་བྱས་པ་དང་། ཁུ་པཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་དང་མཐུན་སྒྲིལ། མཉམ་ལས་བཅས་ཀྱི་འབྲེལ་བ་བསྟུད་མར་སྲ་བརྟན་དུ་བཏང་ཡོད་ལ། ཁུ་པཱ་ཡིས་བློ་བརྟན་འགྱུར་མེད་སྒོས་ཁུ་པཱ་དང་ཀྲུང་གོའི་སྤུན་ཟླ་ལྟ་བུའི་དམིགས་བསལ་གྱི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།

པཱ་ཞིའི་ཙུང་ཐུང་ལུའུ་ལཱ་ཡིས་ཀྲུང་གོས་ལོ75རིང་བླངས་པའི་ཕུལ་དུ་བྱུང་བའི་འཕེལ་རྒྱས་གྲུབ་འབྲས་ལས་པཱ་ཞི་དང་ཀྲུང་གོའི་འབྲེལ་བ་དེ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ལས་བརྒལ་ནས། རྒྱ་ཆེ་བའི་ཐུན་མོང་རིན་ཐང་དང་ཐུན་མོང་ཁེ་ཕན་ལྡན་པར་བྱས་ཡོད། པཱ་ཞི་དང་ཀྲུང་གོའི་འབྲེལ་བ་དེ་ཕན་ཚུན་བརྩི་འཇོག་བྱེད་པ་དང་ཐུན་མོང་འཕེལ་རགྱས་རྨང་གཞིར་བྱས་ཡོད་ལ། ཟང་ཟིང་འཁྲུག་རྩོད་ཆེ་བའི་འཛམ་གླིང་སྟེང་གཏན་འཇགས་ཀྱི་མིག་དཔེ་བསྟན་ཡོད། པཱ་ཞི་ཡིས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་འཕེལ་རྒྱས་སུ་འགྲོ་བ་དང་། པཱ་ཞི་དང་ཀྲུང་གོའི་མཛའ་མཐུན་མུ་མཐུད་དུ་སྲ་བརྟན་ལ་གཏོང་འདོད་ཡོད་ཟེར།

ཁམ་ཕུ་ཀྲེའི་རྒྱལ་ཁབ་ཀྱི་རྒྱལ་བོ་ཞི་ཧཱ་མའོ་ནེ་ཡིས་བསྟན་དོན། ལོ75རིང་ལ། ཀྲུང་གོའི་གཏན་འཇགས་དང་འཕེལ་རྒྱས་སྲུང་འཛིན་བྱས། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཁྲོད་སྔར་ལས་ལྷག་པའི་གྲུབ་འབྲས་ལོན་པར་ཡིད་ཆེས་ཡོད་ཟེར། ཁམ་ཕུ་ཀྲེ་དང་ཀྲུང་གོའི་མཉམ་ལས་དེ་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་མིག་དཔེ་ལྟ་བུར་གྱུར་ཡོད་ལ། ལག་རྡང་སྦྲེལ་ནས་སྤུས་ཚད་མཐོ་ཞིང་ཆུ་ཚད་མཐོ་བ་དང་། ཚད་གཞི་མཐོ་བའི་དུས་རབས་གསར་བའི་ཁམ་ཕུ་ཀྲེ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་རྨང་གཞི་བརྟན་པོ་བཏིང་ཡོད། ཁམ་ཕུ་ཀྲེའི་མི་དམངས་ཏང་གི་ཀྲུའུ་ཞི་ཧོང་སིན་གྱིས་བསྟན་དོན། ཁམ་ཕུ་ཀྲེ་དང་ཀྲུང་གོས་རྣོ་ལྕགས་ལས་སྲ་བའི་མཛའ་བརྩེ་དེ་མུ་མཐུད་དུ་སྲ་བརྟན་དུ་བཏང་སྟེ། ཕྱོགས་གཉིས་ཀྱི་མཉམ་ལས་ཉིན་རེ་བཞིན་ཇེ་ཟབ་ཏུ་བཏང་བར་མ་ཟད། ཁམ་ཕུ་ཀྲེ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས། ཁམ་ཕུ་ཀྲེ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད་ཟེར།

ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་ཙོ་ཁི་ཡིས་བསྟན་དོན། ལོ་ངོ10རིང་ལ། ཧིན་རྡུ་ཉི་ཞི་ཡཱ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་། ཧིན་རྡུ་ཉི་ཞི་ཡཱ་ཡིས་རྒྱལ་ཁབ་གཉིས་བར་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རྒྱུས་ལོན། རྣམ་དག་གི་མཛའ་བརྩེ་བཅས་ཀྱི་རྨང་གཞིའི་སྟེང་གི་མཛའ་མཐུན་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་ལ། མུ་མཐུད་དུ་འཐབ་ཇུས་ཡིད་ཆེས་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

རྒྱ་གར་གྱི་ཙུང་ཐུང་མུའུ་ཨར་མུའུ་ཡིས་བསྟན་དོན། རྒྱ་གར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཆེན་མོ་གཉིས་ཡིན་ཞིང་། ཐུན་མོང་གི་འཕེལ་རྒྱས་འགྲན་རྩོད་མང་བོར་འཕྲད་ཡོད་ལ། ཐུན་མོང་གི་ས་ཁུལ་གྱི་ཁེ་ཕན་ལྡན་པས། ཞི་བདེ་དང་གཏན་འཇགས་བཅས་ཀྱི་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་གལ་འགངས་ཧ་ཅང་ཆེ་ལ། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།