རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཉེ་ལམ“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་རིམ་སྤེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ་དང་། རིག་གནས་དང་ཡུལ་སྐོར་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་རིག་གནས་དང་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་ཚུལ་ངོ་སྤྲོད་བྱས།
ཉེ་བའི་ལོ་འགའི་རིང་ལ། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་རེ་འདུན་སྐོང་བར་དམིགས་ནས། རིག་གནས་དང་ཡུལ་སྐོར་པུའུ་ཡིས་གར་སྟེགས་སྒྱུ་རྩལ་དང་མཛེས་རྩལ་གསར་རྩོམ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། རིག་རྩལ་བྱ་བ་སྒྲུབ་མཁན་རྣམས་འཚོ་བར་ཟབ་ཞུགས་དང་མི་དམངས་ཀྱི་ཁྲོད་དུ་གཞི་ཚུགས་ནས་གསར་རྩོམ་བྱ་རྒྱུའི་སྐུལ་མ་བཏང་བས། བསྔགས་བརྗོད་ཐོབ་པའི་རིག་རྩལ་བརྩམས་ཆོས་འབོར་ཆེན་ཐོན།
ད་ལྟ། རང་རྒྱལ་དུ་གྲོང་ཁྱེར་གྱི་དཔེ་ཁང་དང་རིག་གནས་ས་ཚིགས་ཁྲི4ཙམ་གྱི་རྣམ་པ་གསར་པའི་སྤྱི་པའི་རིག་གནས་བར་སྟོང་དང་། སྤྱི་པའི་རིག་གནས་ཞབས་ཞུའི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། “རྟེན་མཛོད་ཁང”དང“གཟུགས་འདས་ཤུལ་བཞག”ལ་རིམ་བཞིན་དགའ་བསུ་ཐོབ་ཀྱིན་ཡོད་པ་དང་། རིག་གནས་ཤུལ་བཞག་དེ་དེང་རབས་འཚོ་བའི་ཁྲོད་བཀྲག་མདངས་གསར་པ་འཕྲོ་བཞིན་ཡོད།
ད་ལོའི་ལོ་སྟོད་དུ། གཞི་ཁྱོན་ཡན་གྱི་རིག་གནས་དང་དེ་མིན་འབྲེལ་ཡོད་ཐོན་ལས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་ཁྲག་ཁྲིག་ཆེན་མོ་དྲུག་དང་ཁྲག་ཁྲིག་ལྔ་ཙམ་ཟིན་པ་དེ་དུས་མཉམ་ལས7.5%འཕར་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་སྔོན་དཔག་བྱས་ན་ཐེར་འབུམ་བཞི་དང་དུང་ཕྱུར་གཉིས་བྱེ་བ་དགུ་ཟིན་པ་དེ་དུས་མཉམ་ལས16.8%འཕར་བ་དང་། སྔོན་དཔག་ལྟར་ན་རྒྱལ་ནང་དུ་ཡུལ་སྐོར་དུ་ཡོང་མཁན་མི་ཐེངས་བྱེ་བ་དགུ་དང་ས་ཡ་ལྔ་ཟིན་པ་དང་དེ་དུས་མཉམ་ལས55.4%འཕར་སྲིད། ཕྱི་རྒྱལ་གྱི་མང་ཚོགས་སྔར་ལས་མང་པོ་ཀྲུང་གོར་ཡུལ་སྐོར་དུ་ཡོང་ནས་མགྲོན་པོ་རང་ཁྱིམ་དུ་སླེབས་པ་ལྟ་བུའི་ཚོར་སྣང་ཡོང་བ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་མྱོང་ཚོར་བྱེད་ཐུབ་ངེས་རེད།
རིག་གནས་དང་ཡུལ་སྐོར་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་གཞོན་པ་ཀྲང་ཀྲིན་གྱིས་བཤད་རྒྱུར། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དངོས་འབེབ་བྱས་ནས། རིག་གནས་ཀྱི་སྟོབས་ལྡན་རྒྱལ་ཁབ་དང་ཡུལ་སྐོར་གྱི་སྟོབས་ལྡན་རྒྱལ་ཁབ་མགྱོགས་མྱུར་བསྐྲུན་པའི་དམིགས་འབེན་ལས་འགན་ལ་དམིགས་ཏེ། མི་དམངས་ཀྱི་རིག་གནས་དགོས་མཁོ་སྐོང་བ་དང་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བ་དེ་ཤུགས་རྒྱག་ས་གལ་ཆེན་དུ་བྱས་ནས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་བཅོས་སྒྱུར་གསར་སྐྲུན་གཏིང་ཟབ་བྱས་ནས། རིག་གནས་དང་ཡུལ་སྐོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས་ཟེར།
ཤ་བོ་རིན་མཚོས་བསྒྱུར།