བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལིའུ་མཱེ་ཕེན། ཝང་ཝེ་ཏུང་། ཀྲའོ་ཡེ་ཞཱ། ཚེ་རིང་ཐར། ཝང་ཏཱ་ནན། ཝང་ལིན་ཧུའུ། ཝུའུ་ལཱ་ཙི་པེ་ཁི་རི་སུའུ་ལེ་ཧན། པད་ཁོ་བཅས་ཀྱིས་སོ་སོར་རང་ཞིང་གི་ཀྲུང་གོ་གསར་བ་དབུ་མ་བརྙེས་གོང་གསར་བརྗེའི་བྱ་བར་ཞུགས་པའམ་ཏང་ནང་ཞུགས་པའི་ལས་བྱེད་པ་རྒན་པ་དང་། ཏང་ཡོན་རྒན་པ། བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན། རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན། རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་གི་བྱ་བ་བྱེད་མཁན། གཞུང་དོན་དུ་རང་སྲོག་བློས་བཏང་བའི་ཏང་ཡོན་ལས་བྱེད་པའི་ཁྱིམ་མི་སོགས་ལ་འཚམས་འདྲི་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཁོ་ཚོས་ཀྲུང་གོ་གསར་བ་དང་མཚོ་སྔོན་གྱི་ལས་དོན་སོ་སོའི་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་པར་བཀའ་དྲིན་ཞུས་པ་དང་། ཁོ་ཚོར་བླ་མེད་ཀྱི་གུས་སེམས་དང་ལྷག་བསམ་རྣམ་དག་གི་འཚམས་འདྲི་བྱས། གནས་གང་དུ་ཐོན་ཡང་ཞིང་ཆེན་མགོ་ཁྲིད་པས་འཚམས་འདྲི་བྱ་ཡུལ་དང་སྙིང་ཉེ་བའི་ངང་འདས་སོང་གི་གནས་ཚུལ་དང་འཕེལ་རྒྱས་སོགས་ལ་ཁ་བརྡ་བྱས་པར་མ་ཟད། ཚང་མའི་ལུས་ཕུང་དང་འཚོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཞིང་ཆེན་མགོ་ཁྲིད་པས་བསྟན་དོན། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ75འགོར་བའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་དང་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དངོས་གཉེར་དམ་འཛིན་དང་སྒོ་འབྱེད་ཡར་བརྩོན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་རྩ་བ་ནས་བསྒྱུར། རྒྱ་ཆེའི་ལས་བྱེད་པ་རྒན་པ་དང་ཏང་ཡོན་རྒན་པ་ནི་ཏང་གི་འོད་སྟོང་འབར་བའི་ལོ་རྒྱུད་འཕེལ་རིམ་གྱི་བདེན་དཔང་པ་དང་ཟབ་ཞུགས་མཁན། བྱས་རྗེས་འཇོག་མཁན་བཅས་ཡིན་ལ། ཐོག་མའི་འགན་འཁྲིར་འགྱུར་བ་མེད་ཅིང་ཕུགས་བསམ་འདུ་ཤེས་བརྟན་ལ། ཏང་དང་མི་དམངས་ཀྱི་ལས་དོན་ལ་ལྷག་ཏུ་བློ་དཀར་བས། ཏང་དང་རྒྱལ་ཁབ་ཀྱི་རྒྱུ་ནོར་རྩ་ཆེན་ཡིན། འབྲེལ་ཡོད་སྡེ་ཁག་སོ་སོས་རང་ནུས་ཅི་ལྕོགས་ཀྱིས་ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པའི་འཚོ་བར་བཀོད་སྒྲིག་དང་བདག་སྐྱོང་བཟང་བོ་བྱས་ནས་ཁོ་ཚོས་སྤྲོ་སྐྱིད་ཀྱི་ཚེ་མཇུག་རོལ་བར་ཁག་ཐེག་བྱེད་དགོས་ཟེར།
ཞིང་ཆེན་གྱི་མགོ་ཁྲིད་པས་བསྟན་དོན། རྒྱ་ཆེའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་གི་བྱ་བ་བྱེད་མཁན་དག་གིས་ལས་གནས་ལ་རྐང་བཙུགས་ནས་སྒེར་སེམས་མེད་པར་བྱས་རྗེས་བཞག་པ་དང་། གསོན་ཉམས་ལྡན་པའི་སྒོ་ནས་དུས་རབས་གསར་བའི་གུང་ཁྲན་ཏང་མིའི་ཕུལ་དུ་བྱུང་བའི་གཤིས་ཀ་དང་འགན་འཁྲིའི་ཁག་ཁུར་རྒྱས་འགྲེལ་བྱས་ཡོད་པས། ཤུགས་ཆེན་པོས་ཁོ་ཚོའི་སྔོན་ཐོན་བྱས་རྗེས་དྲིལ་སྒྲོག་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་བྱེད་སའི་མིག་དཔེར་བྱས་ནས་སྔོན་ཐོན་བརྩོན་ལེན་བྱེད་པར་ཁྲིད་སྟོན་བྱས་ཤིང་། ལས་སྒྲུབ་ལས་སྐྲུན་གྱི་འགན་འཁྲིའི་འདུ་ཤེས་སྐུལ་སྤེལ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ཐད་དྲང་ཕྱོགས་ནུས་ཚད་དང་བརྩོན་པའི་སྙིང་སྟོབས་གཅིག་བསྡུས་བྱེད་དགོས། སྔོན་གཤེགས་དཔའ་བོའི་ཁྱིམ་མིར་བདག་སྐྱོང་བྱེད་པ་དང་། སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། ཁོ་ཚོའི་དཀའ་སྡུག་སེལ་གང་ཐུབ་བྱས་ནས། སྔོན་གཤེགས་དཔའ་བོར་རྗེས་དྲན་དང་སློབ་སྦྱོང་བྱེད་པ་དང་། སྔོན་གཤེགས་དཔའ་བོའི་ཁྱིམ་མི་བརྩེ་བས་སྐྱོང་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་བོ་ཞིག་ཆགས་སུ་འཇུག་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།