ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་རྣམས་ཀྱིས་འཚམས་འདྲིའི་བྱ་འགུལ་སྤེལ།
2024.10.03 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་སྐབས་འདིར། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་དང་། ལིའུ་ཁྲའོ། ལིས་ཧོང་ཡཱ། ཧི་ལུའུ་ཁྲུན་བཅས་ཀྱིས་ཀྲུང་གོ་གསར་བ་དབུ་མ་བརྙེས་པའི་སྔོན་ལ་གསར་བརྗེའི་བྱ་བ་དང་ཏང་ནང་ཞུགས་པའི་ལས་བྱེད་པ་རྒན་པ་དང་། ཏང་ཡོན་རྒན་པ། གཞུང་དོན་དུ་རང་སྲོག་བློས་བཏང་བའི་ཏང་ཡོན་ལས་བྱེད་པའི་ཁྱིམ་མི་སོགས་ལ་འཚམས་འདྲི་བྱས་ནས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོད་འཁོལ་སྐྱེལ་བར་མ་ཟད། ཁོ་ཚོར་གུས་འདུད་ཚད་མེད་ཞུས་པ་དང་དུས་ཆེན་གྱི་ཁམས་འདྲི་ཞུས། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་དང་ཝང་ཧའེ་ཧུང་གཉིས་ཀྱིས་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་རྣམས་ཀྱི་མངགས་བཅོལ་ལྟར་འཚམས་འདྲིའི་བྱ་འགུལ་སྤེལ།

འཚམས་འདྲི་བྱེད་སྐབས། ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་པས་ལས་བྱེད་པ་རྒན་པ་དང་། ཏང་ཡོན་རྒན་པར་བྱམས་བརྩེའི་གླེང་མོལ་བྱས་ཤིང་། ཁོ་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཐེངས་བདུན་པའི་བཏོན་པའི་ཇུས་ཆོད་བཀོད་སྒྲིག་སྒྲོག་འགྲེལ་བྱས་ལ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཁོ་ཚོས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བཏོན་པའི་བསམ་འཆར་གྲོས་གཞིར་ནན་ཏན་སྒོས་ཉན་པར་མ་ཟད། ཁོ་ཚོས་ལོ་ངོ་མང་པོའི་རིང་ལ་མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་ཡོང་བར་འབད་བརྩོན་ལྷོད་མེད་བྱས་པར་བཀའ་དྲིན་ཞུས་པ་དང་། ཁོ་ཚོས་ལུས་ཕུང་བདག་སྐྱོང་བྱེད་པ་དང་མཉམ་དུ་རང་ནུས་འདོན་སྤེལ་བྱས་ཏེ། མཚོ་སྔོན་གྱི་བྱ་གཞག་སྣ་ཚོགས་འཕེལ་རྒྱས་འགྲོ་བར་ཉམས་མྱོང་དང་བློ་གྲོས་འབུལ་བའི་རེ་བ་ཞུས། གཞུང་དོན་དུ་རང་སྲོག་བློས་བཏང་བའི་ཏང་ཡོན་ལས་བྱེད་པའི་ཁྱིམ་མིའི་ཁྱིམ་དུ་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་དང་འདས་པོའི་ཁྱིམ་མིས་དཔའ་བོའི་མཛད་རྗེས་ཕྱིར་དྲན་བྱས་ནས། གསར་བརྗེའི་དཔའ་བོའི་བློ་དཀར་ལས་སྒྲུབ་དང་སྒེར་སེམས་མེད་པར་བྱས་རྗེས་འཇོག་པའི་བསམ་བློ་ཀུན་སྤྱོད་བཟང་བོར་ཚད་མཐོན་པོས་གདེང་འཇོག་བྱས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་གིས་ཏང་གི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་ལེགས་པོ་བྱས་ནས་གཞུང་དོན་དུ་རང་སྲོག་བློས་བཏང་བའི་ཏང་ཡོན་ལས་བྱེད་པའི་ཁྱིམ་མིར་བདག་སྐྱོང་བཟང་པོ་བྱེད་པ་དང་། ཁོ་ཚོའི་བྱ་བ་དང་འཚོ་བའི་ཁྲོད་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱས་ཏེ། ཁོ་ཚོར་རྩ་འཛུགས་ཀྱི་ཐུགས་ཁུར་དང་དྲོད་འཁོལ་ཚོར་དུ་འཇུག་དགོས་པའི་རེ་བ་བཏོན། 

ལྷ་མོ་འཚོས་བསྒྱུར།