སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་དུ། ལོ་ངོ75རིང་གི་དཀའ་སྤྱད་འབད་བརྩོན་བརྒྱུད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་བརྗིད་ཆེའི་གྲུབ་འབྲས་གསལ་སྟོན་བྱས་ཤིང་འོད་སྟོང་རབ་ཏུ་འཕྲོ་བའི་མདུན་ལྗོངས་མངོན་པར་བྱས་ཡོད་ཅེས་གསུངས་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ཚང་མར་སྐུལ་མ་ཐེབས་པ་དང་། ལས་རིགས་སོ་སོའི་མི་རྣམས་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་པ། ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཚ་ཚ་འུར་འུར་གྱི་ལག་ལེན་ནང་ཞུགས་ཏེ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུར་སྐུལ་ལྕག་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་རང་རེའི་རྒྱལ་ཁབ་ཀྱི་སྤྱིར་བཏང་མིན་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་བགྲོད་ལམ་ལ་ཕྱིར་དྲན་གནང་། ཁོང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པའི་སྐྱོད་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ཞིག་རེད། སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་བྱ་སྤྱོད་ཆེས་བཟང་བོ་ནི་སྔར་བྱུང་མྱོང་མེད་པའི་རླབས་ཆེན་གྱི་བྱ་གཞག་དེ་རྒྱུན་ཆད་མེད་པར་གོང་ནས་གོང་དུ་སྤེལ་རྒྱུ་དེ་ཡིན་ཞེས་བསྟན།
ཧེ་ལུང་ཅང་ཞིང་ཆེན་ཧེ་ཧི་གྲོང་ཁྱེར་འདེབས་འཛུགས་ཁྱིམ་ཆེན་གྱི་མི་སྣ་ཀེ་ཡུང་ཧྥིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ངོ75ཡི་རིང་ལ། ཀྲུང་གོར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང་ཡོད་ཅེས་གསུངས་པ་དེར་ང་ཚོ་མྱོང་ཚོར་ཧ་ཅང་ཟབ་མོ་ཡོད། ཞིང་ལས་ཚན་རྩལ་གྱི་ནུས་ཤུགས་སྔར་ལས་སྟོབས་ཆེན་དུ་གྱུར་ལ། ང་ཚོ་ཞིང་པའི་ཡོང་སྒོ་ཡང་བསྟུད་མར་ལོ་འགའི་རིང་ཇེ་མཐོ་ནས་ཇེ་མཐོ་ཡིན་པ་དང་། ཀྲུང་གོ་མི་དམངས་ཀྱི་ཕོར་བ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ་ཡོད་པས། ད་ལོ་ཡང་ལོ་ལེགས་བྱུང་བའི་ལོ་ཞིག་རེད་ཟེར།
ཀྲུང་གོ་ཚན་རིག་གླིང་ཏཱ་ལེན་རྫས་འགྱུར་དངོས་ལུགས་ཞིབ་འཇུག་ཁང་ནུས་ཁུངས་འགྱུར་སྐུལ་སྤོ་སྒྱུར་རྒྱལ་ཡོངས་ཚོད་ལྟ་ཁང་གཙོ་བོའི་ཀྲུའུ་རིན་ཁྲིན་ཀྲོང་ཝེ་ཡིས་བཤད་རྒྱུར། རང་རྒྱལ་གྱིས་འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་བླངས་ཡོད་པ་དང་། ཁྱད་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཚན་རྩལ་གསར་སྐྲུན་གྱི་ཁྱབ་ཁོངས་སུ་ཐོལ་བརྒལ་གསར་པ་མངོན་འགྱུར་བྱུང་ཡོད་པ་དང་། གྲུབ་འབྲས་དེ་དག་བླངས་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་མཛུབ་སྟོན་ཡོད་པས་ཡིན། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་ནུས་ཤུགས་ཇེ་ཆེར་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱེད་རྒྱུ་ཡིན།
ཀོང་ཞི་ཀོང་ཡུས་ཡའོ་རིགས་རང་སྐྱོང་རྫོང་ལན་ཧྭ་གྲོང་རྡལ་ཧོང་ཡན་སྡེ་བའི་སྡེ་མི་ཡཱང་ཡན་ཧོང་གིས་བཤད་རྒྱུར། འདི་གར་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས་ང་ཚོས་ཞིང་པའི་སྤྲོ་སྐྱིད་ཁང་བཙུགས་པ་དང་འཚོ་བ་ཡང་ཇེ་ལེགས་སུ་འགྲོ་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་པས་ང་ཚོའི་མདུན་ལམ་འོད་སྟོང་ལྡན་པ་ཞིག་རེད། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་ནང་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་ཆེད་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་མཉམ་དུ་འབད་འཐབ་བྱེད་རྒྱུ་ཡིན་ཟེར།
དངོས་སྒྲུབ་ཀྱིས་ཕུགས་འདུན་འགྲུབ་པར་བྱེད་ཅིང་། འབད་འཐབ་ཀྱིས་མ་འོངས་གསར་གཏོད་བྱེད། ཞི་ཨན་རྒྱལ་སྤྱིའི་སྐམ་སའི་གྲུ་ཁར་ཆ་སྙོམས་སྐར་མ100རེའི་ནང་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཐེངས་རེར་གཏོང་བཞིན་ཡོད། ཧང་ཀྲིག་མཚོ་ཁོངས་སུ་འཛམ་གླིང་སྟེང་གི་མཚོ་བརྒལ་མྱུར་བགྲོད་ལྕགས་ལམ་གྱི་ཟམ་པ་རིང་ཤོས་མགྱོགས་མྱུར་སྒོས་སྐྲུན་བཞིན་ཡོད། རྒྱལ་སྟོན་གུང་གསེང་གི་སྐབས་སུ། མི་གྲངས་ལས་འདས་པས་ལས་གནས་བརྟན་སྲུང་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྟོབས་ཤུགས་འབུལ་བཞིན་ཡོད།
ཞི་ཨན་མེ་འཁོར་འབབ་ཚིགས་ནུབ་མའི་འགོ་གཙོ་གཞོན་པ་ཝང་ཡུས་པོ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་རྗེས་ང་ལ་སྐུལ་མ་ཆེན་པོ་ཐེབས་སོང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་བསྐྱར་དར་གྱི་སྐྱོད་ལམ་གསར་པའི་སྟེང་། ང་ཚོས་མུ་མཐུད་དུ་དཀའ་སྤྱད་འབད་བརྩོན་བྱས་ཏེ་སྤུས་ཚད་མཐོན་པོའི་སྒོ་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གཏོང་བར་ཞབས་ཞུ་དང་འགན་སྲུང་འདོན་སྤྲོད་བྱེད་པ་དང་། སྐམ་སའི་དབུས་ཁུལ་གྱི་བཅོས་སྒྱུར་སྒོ་འབྱེད་ལེགས་སྐྲུན་བྱ་ཆེད་ནུས་ཤུགས་ཆེན་པོ་འབུལ་རྒྱུ་ཡིན་ཟེར།
ཧང་ཀྲིག་མཚོ་ཁོངས་སུ་མཚོ་བརྒལ་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་བྱེད་མཁན་ཅང་པིན་ཅུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་མི་རྣམས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད། རྒྱལ་ཁབ་ཀྱི་གཙོ་གནད་བཟོ་སྐྲུན་འཛུགས་སྐྲུན་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ང་ཚོས་སྤྲོ་སེམས་སྔར་ལས་འཕེལ་བ་དང་། དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས། སྤྱོད་ཚུལ་ཏན་ཏིག་དང་གསར་སྐྲུན་གྱི་སྙིང་སྟོབས་བཅས་ལ་བརྟེན་ནས་བཟོ་སྐྲུན་འཛུགས་སྐྲུན་ཁྲོད་ཞུགས་ཏེ། ཉེན་ཁ་ཡོད་ཚད་ལས་རྣམ་པར་རྒྱལ་བར་བྱེད་པ་དང་འོད་སྟོང་ལྡན་པའི་མདུན་ལམ་གསར་པ་བསྐྲུན་རྒྱུ་ཡིན་ཟེར།
ནང་སོག་ཞིན་ཨན་མིན་ཁི་ཡུག་ཆན་ཆི་ཏང་དམངས་ཞབས་ཞུ་ལྟེ་གནས་ཀྱི་ཏང་ཨུའི་ཧྲུའུ་ཅི་པའོ་ཐེན་ཅའོ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་གསུངས་ཡོད། ངས་མུ་མཐུད་དུ་གྲོང་ཁྱེར་གྱི་སྤྱི་ཚོགས་བཅོས་སྐྱོང་གི་བྱ་བ་སྣ་ཚོགས་ཡག་པོར་བསྒྲུབ་རྒྱུ་ཡིན་པ་དང་། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་རྒྱུན་ཆད་མེད་པར་བསྐང་ནས། སྔར་ལས་མཛེས་སྡུག་ལྡན་པ་དང་གནས་སྡོད་ལ་འཚམ་པ། འཆམ་མཐུན་བཅས་ཀྱི་ཁྱིམ་གཞིས་བསྐྲུན་རྒྱུ་ཡིན་ཟེར།
དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་། རྒྱ་ཆེའི་ལས་བྱེད་དང་མང་ཚོགས་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པའི་ཆེད་དུ་མུ་མཐུད་འབད་འཐབ་བྱེད་དགོས་ཞེས་བསྟན།
ཀྲུང་གོ(ཧྲང་ཧའེ)རང་མོས་ཉོ་ཚོང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་ལུའུ་ཅ་ཙུའེ་དོ་དམ་ཅུའུ་སྲིད་འཛིན་ཞིབ་དཔྱོད་ཁྲུའུ་ཡི་ལས་བྱེད་མི་སྣ་ཏུང་ཝུན་ཆུང་གིས་བཤད་རྒྱུར། ང་ཚོས“གཏན་ཕབ་གཉིས”ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་སྟེ། འགོ་རྩོམ་ས་སྔར་ལས་མཐོ་བའི་སྒོ་ནས་བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་སྤྱིའི་དངུལ་རྩའི་གྲོང་ཁྱེར་རྩེ་གྲ་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་ནས། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་གོང་དུ་སྤེལ་དགོས་ཟེར།
ཞིན་ཅང་ཧི་ཐེན་ས་ཁུལ་ཚི་ལི་རྫོང་ཚི་ལི་ཡུལ་ཚོའི་ཡུལ་གཙོ་གཞོན་པ། ནུའུ་ཨར་ཞ་ཐིས་ཅང·ཨ་པུའུ་ཏི་རེ་དབྱི་མུའུ་ཡིས་བཤད་རྒྱུར། མི་དམངས་ཡོངས་ཀྱིས་མཉམ་དུ་འབད་འཐབ་བྱེད་པའི་ཁྲོད་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སུ་སྤྱོད་དུ་འཇུག་གང་ཐུབ་བྱ་དགོས་ལ། གྲོང་གསེབ་དར་སྤེལ་གྱི་ལམ་དུ་ང་ཚོར་ཡིད་ཆེས་ཀྱིས་ཁེངས་པ་དང་། མཐུན་སྒྲིལ་འབད་འཐབ་བྱས་ཏེ་གྲོང་གསེབ་སྔར་ལས་མཛེས་སྡུག་ལྡན་པ་དང་། སྐྱེ་ཁམས་སྔར་ལས་བཟང་བ། སྡེ་མི་སྔར་ལས་ཕྱུག་པོ་ཡོང་བ་བཅས་བྱེད་དགོས་ཟེར།
ཧི་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་ལས་སྐྲུན་པ་ཁྲིན་ཧུང་ཐའོ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྗིད་ཉམས་ལྡན་པའི་འཆར་གཞི་བཀོད་ཡོད་པར་མ་ཟད། འོད་སྟོང་འཕྲོ་བའི་མདུན་ལྗོངས་འགྲན་ཟླ་བྲལ་བ་ཞིག་མངོན་ཡོད་ཅེས་གསུངས་ཡོད། ད་ལྟ་རྒྱལ་ཁབ་ལ་ཁེ་ལས་ལ་ཕན་པའི་སྲིད་ཇུས་མང་པོ་ཡོད་པ་དང་། ཁྲོམ་རར་ཡང་གསོན་ཤུགས་ཀྱིས་ཁེངས་ཡོད་པས། ང་ཚོར་ཁོར་ཡུག་བཟང་པོ་ཞིག་འདོན་སྤྲོད་བྱས་ཡོད། ང་ཚོས་ངེས་པར་དུ་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་གདོང་མཆོང་བྱེད་ཕོད་པ་དང་འབད་འཐབ་བྱེད་ཕོད་པ། ལང་ཚོ་ཆུད་ཟོས་སུ་མི་གཏོང་བ་བཅས་བྱེད་དགོས་ཟེར།
བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་རྗེས། གཅིག་རྗེས་གཉིས་མཐུད་དུ་འབད་འཐབ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་མཉམ་དུ་ཇུས་འགོད་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ནུས་ཤུགས་གལ་ཆེན་འབུལ་རྒྱུ་ཡིན་ཞེས་བསྟན།
མཚོ་དམག་ཧྲན་ཏུང་དམག་གྲུའི་མཁའ་འགྲུལ་འགན་སྲུང་སྡེ་ཁག་གི་ལས་རོགས་བཟོ་སྐྲུན་པ་ཀའོ་ཞང་གིས་བཤད་རྒྱུར། ལོ་རྒྱུས་ཀྱི་འོས་འགན་ང་ཚོ་མི་རབས་འདིའི་ལག་ཏུ་སྤྲད་ཡོད་པས། ང་ཚོས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་མཚོ་དམག་འཛམ་གླིང་སྟེང་གི་མཚོ་དམག་རྩེ་གྲ་ཞིག་ཏུ་ཕྱོགས་ཡོངས་ནས་བསྐྲུན་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། དུས་ལྟར་དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།
བོད་ལྗོངས་ལྷོ་ཁ་ཡན་ལག་དམག་ཁུལ་གྱི་དམག་མི་ཀྲུང་ཝུན་ཅིའུ་ཡིས་བཤད་རྒྱུར། ཞི་ཅིན་ཕིང་གིས་ང་ཚོས་བདེ་སྡོད་ཉེན་བསམ་བྱེད་པ་དང་ཆུ་མ་ཡོང་གོང་ནས་རགས་རྒྱག་པའི་དཔེ་ལྟར་སྔོན་དཔག་དཀའ་བའི་ཉེན་ཁ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་དགོས་ཞེས་གསུངས་ཡོད། ང་ཚོས་ངེས་པར་དུ་ཀྲུའུ་ཞིའི་མངགས་བཅོལ་ཟབ་མོ་དང་དུ་བླངས་ནས། མཐའ་མཚམས་སྲུང་བའི་འགན་འཁྲི་བློ་ལ་བརྟན་པོར་ངེས་པར་བྱེད་པ་དང་། དཀའ་སྤྱད་སྡུག་རུས་ཀྱིས་དམག་འཁྲུག་ལ་གྲ་སྒྲིག་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བརསྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཟེར།
ཞང་ཀང་དང་། ཨོ་མིན། ཐའེ་ཝན་བཅས་ཀྱི་ལས་རིགས་སོ་སོའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་ཚང་མའི་སེམས་ལ་དྲོད་ཁོལ་དང་ངར་ཤུགས་བསྩལ་སོང་ཟེར།
ཞང་ཀང་ས་ཁུལ་གྱི་ཕྱོགས་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་ཀྲང་ཙུའོ་ཅའོ་ཡིས་བཤད་རྒྱུར། ཞང་ཀང་ལ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་པས། མེས་རྒྱལ་ལ་བརྟེན་ནས་འཛམ་གླིང་དང་འབྲེལ་མཐུད་བྱེད་བཞིན་ཡོད། ལས་རིགས་སོ་སོས་གོ་སྐབས་དམ་འཛིན་དང་། ཕྱར་བ་གྲུ་འདེགས། རྒྱལ་ཁབ་ཀྱི་འཕེལ་རྒྱས་ཁྲོད་ཧུར་ཐག་གིས་ཞུགས་པ། སྐྱོད་ལམ་གསར་པའི་སྟེང་རྒྱུན་ཆད་མེད་པར་མདུན་སྐྱོད་བཅས་བྱེད་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་པ་ལྟར། རླབས་ཆེན་མེས་རྒྱལ་གྱི་སྲ་ཞིང་བརྟན་པའི་རྒྱབ་རྩ་ཡོད་ཚེ། ཞང་ཀང་གི་སྤུན་ཟླ་དང་ཨོ་མིན་གྱི་སྤུན་ཟླས་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་ཐུབ་ངེས་ཟེར།
ཨོ་མིན་ཀྲུང་ཧྭ་སློབ་མའི་མཉམ་འབྲེལ་སྤྱིའི་ཚོགས་པའི་ལས་འཛིན་འགོ་གཙོ་ཞའོ་ཞན་ཧྭ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་བྱ་རྒྱུ་ནི་ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱི་ཐུན་མོང་གི་ཕུགས་འདུན་ཡིན་པས། ང་ཚོ་ཨོ་མིན་གྱི་ན་གཞོན་ཚོར་སྐུལ་མ་ཆེན་པོ་ཐེབས་སོང་། མ་འོངས་པར་ང་ཚོ་ཨོ་མིན་གྱི་ན་གཞོན་ཚོས་ཨོ་མིན་འདི་ཉིད་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་མཉམ་འདྲེས་ཡོང་བར་བྱེད་ཆེད་འབད་བརྩོན་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་ཡོང་ཆེད་འབད་བརྩོན་བྱེད་ངེས་ཡིན་ཟེར།
ཐའེ་ཝན་འགྲམ་གཉིས་ཞི་བདེ་འཕེལ་རྒྱས་གླེང་སྟེགས་ཀྱི་ལག་བསྟར་དྲུང་ཡིག་ཝང་ཝུའུ་ལང་གིས་བཤད་རྒྱུར། ཞི་ཅིན་ཕིང་གི་གསུང་བཤད་ནང་ཐའེ་ཝན་སྤུན་ཟླར་ཐུགས་ཁུར་གནང་བ་མཚོན་པར་བྱས་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ཐུན་མོང་ལྟ་བ”རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཁབ་གཅིག་གྱུར་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཞིག་ཡིན་ལ་བདེན་དོན་གནས་ས་ཡང་ཡིན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་རྒྱལ་ཁབ་རྦད་དེ་གཅིག་གྱུར་ཡོང་བར་མངོན་འགྱུར་བྱ་ངེས་ཡིན་ཟེར།
ཤ་བོ་རིན་མཚོས་བསྒྱུར།