ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། རྒྱལ་ཁབ་ནུས་ཁུངས་ཅུའུ་བཅས་ཀྱིས《རྡོ་སོལ་གཙང་མ་ནུས་མཐོའི་ངང་སྤྱོད་རྒྱུར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》མཉམ་དུ་པར་འགྲེམས་བྱས།
བསམ་འཆར་ནང་ལྗང་མདོག་མཐུན་སྦྱོར་གྱི་གསར་སྤེལ་མ་ལག་དང་། བདེ་འཇགས་ཁོར་སྲུང་གི་ཐོན་སྐྱེད་མ་ལག དྭངས་གཙང་འཐུས་ཚང་གི་གསོག་འདྲེན་མ་ལག སྣ་མང་ནུས་མཐོའི་བེད་སྤྱོད་མ་ལག་བཅས་ཕྱོགས་བཞིའི་ཐད་ནས་གཙོ་གནད་ལས་འགན་དང་བྱེ་བྲག་གི་བྱེད་ཐབས15བཀོད་སྒྲིག་བྱས་པར་མ་ཟད། འབྲེལ་ཡོད་འགན་སྲུང་བྱེད་ཐབས་གསལ་བོ་བྱས་ནས་རྡོ་སོལ་གསར་སྤེལ་དང་། ཐོན་སྐྱེད། གསོག་འདྲེན། བེད་སྤྱོད་བཅས་ཀྱི་སྦྲེལ་ཐག་ཧྲིལ་པོའི་རིམ་པ་སོ་སོས་དྭངས་གཙང་ནུས་མཐོའི་ངང་སྤྱོད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱུར་སྐུལ་འདེད་བཏང་།
བསམ་འཆར་ནང2030ལོར་སླེབས་སྐབས་རྡོ་སོལ་གྱི་ལྗང་མདོག་རིག་ནུས་གསར་སྤེལ་ནུས་པ་མངོན་གསལ་སྒོས་ཆེ་རུ་འགྲོ་བ་དང་། ཐོན་སྐྱེད་ཀྱི་ནུས་རྒྱུ་ཟད་གྲོན་བྱེད་ཚད་རིམ་བཞིན་མར་ཆག་པ། གསོག་འདྲེན་གྲུབ་ཆ་རྒྱུན་མཐུད་སྒོས་ཇེ་ལེགས་སུ་གཏོང་བ། ཚོང་ཟོག་རྡོ་སོལ་གྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་རྡོ་སོལ་སྤྱོད་པའི་ཕན་ནུས་དང་དྭངས་གཙང་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་། གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་དང་འཚམ་པའི་རྡོ་སོལ་གྱི་དྭངས་གཙང་ནུས་མཐོའི་བེད་སྤྱོད་མ་ལག་ཅིག་གཞི་རྩའི་ཆ་ནས་འགྲུབ་པར་བྱེད་རྒྱུ་ཡིན་པ་གསལ་བོ་བཏོན་ཡོད།
རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། གོ་རིམ་རྗེས་མར། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དཔྱད་འཇོག་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་པ། ས་གནས་སོ་སོ་དང་འབྲེལ་ཡོད་ཕྱོགས་སོ་སོས་ཡུལ་བབ་དང་བསྟུན་ཏེ་སྲིད་ཇུས་བྱ་ཐབས་ཞིབ་ཕྲ་བཟོ་བར་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་པ། ཡིག་ཆ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་མོ་བྱེད་པ། དངོས་གནས་རྡོ་སོལ་གཙང་མ་ནུས་མཐོའི་ངང་སྤྱོད་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ལེགས་པའི་ངང་འདེགས་སྐྱོར་དང་འགན་སྲུང་བྱས་ནས། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་དམིགས་འབེན་མངོན་འགྱུར་ཐུབ་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་ཟེར།
ཤ་བོ་རིན་མཚོས་བསྒྱུར།