ཟླ10པའི་ཚེས8ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཟི་ལིང་གྲོང་ཁྱེར་ས་ཁང་བདག་ཁོངས་ལས་གཞིའི་ཡུལ་དངོས་དང་ཕྱོགས་བསྡུས་ཚོང་ར། རིག་གནས་ཡུལ་སྐོར་ཁམས་གསོ་ཁེ་ལས་སོགས་ལ་སོང་ནས་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་འཛད་སྤྱོད་སྦས་ཤུགས་སྔོག་འདོན་བྱེད་པ། ཚོང་རའི་གསོན་ཤུགས་རྒྱུན་མཐུད་ངང་ཆེར་བསྐྱེད་པ། སྐྱེ་ཁམས་ཡུལ་སྐོར་གྱི་ལྟེ་བ་གཅིག་གི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་འདྲེན་བྱེད་དགོས།
སྔོན་ཏག་ཏག་གི་རྒྱལ་སྟོན་དུས་ཆེན་སྐབས་སུ། ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ས་ཡ་གཉིས་འབུམ་བརྒྱད་ཁྲི་བརྒྱད་སྟོང་གཉིས་སྣེ་ལེན་བྱས་པ་དང་། ཚོང་སྒྱུར་ཁང་བ་དང་རླངས་འཁོར། ཁྱིམ་སྤྱོད་གློག་ཆས་སོགས་ཉོ་འཚོང་བྱེད་ཚད་ཇེ་མང་དུ་སོང་ལ། འཛད་སྤྱོད་སྦས་ཤུགས་མྱུར་དུ་ཕྱིར་གཏོང་བྱས། ཁྲིན་ཀང་ཟི་ལིང་གྲོང་ཁྱེར་ཧའེ་ཧུའུ་ཁུལ་གསར་གྱི་ས་ཁང་བདག་ཁོངས་ལས་གཞི་སྟེ་ལོའུ་ཁྲིན.ཅིན་ཡུས་ཡོན་གཞིས་ཁུལ་གྱི་ཉོ་ཚོང་ལྟེ་གནས་དང་དཔེ་མཚོན་ཁང་བའི་ནང་སོང་ནས། ཁང་བ་ཉོ་ཚོང་གི་གནས་ཚུལ་དང་ལས་གཞི་འཛུགས་སྐྲུན་བྱས་ཚད་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ས་དེའི་ས་ཁང་བདག་ཁོངས་ཀྱིས་གྲོང་ཁྱེར་གཅིག་ལ་སྲིད་ཇུས་གཅིག་གི་བྱ་བའི་བྱེད་ཐབས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཉན། ཁོས་ནན་གྱིས་བསྟན་དོན། སྲིད་ཇུས་བྱེད་ཐབས་སྣ་ཚོགས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ཁང་བ་དུས་ལྟར་ཁང་བདག་གི་ལག་ཏུ་སྤྲོད་པ་དང་རིན་གོང་བརྟན་འཇགས་སུ་གཏོང་བ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ། དགེ་མཚན་ཐོན་ཁུངས་སླར་གསོ་བྱེད་པ། ཚོང་རའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། འདྲ་མཉམ་དྲང་གཞག་གི་འགྲན་རྩོད་ཁོར་ཡུག་བཟང་བོ་རྒྱུན་མཐུད་ངང་བསྐྲུན་པ། ཚ་བྱོལ་ཁང་སོགས་ཀྱི་རྣམ་པ་གསར་བ་དང་ཐབས་ལམ་གསར་བ་འཚོལ་ཞིབ་བྱས་ནས། ས་ཁང་བདག་ཁོངས་ཀྱི་ཚོང་ར་བརྟན་བརླིང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།
ཟི་ལིང་གྲོང་ཁྱེར་ཝང་ཧྥུའུ་ཅིན་ཏཱ་ཞང་ཁྲིན་དངོས་ཚོང་ལྟེ་གནས་སུ། ཁྲིན་ཀང་ཧྭ་ཝེ་རིག་ནུས་འཚོ་བའི་ཁང་དང་ཕུགས་འདུན་རླངས་འཁོར་སིལ་འཚོང་ཁང་དུ་སོང་ནས། དེང་སྐབས་ཀྱི་ཚོང་བྲིན་ཚོང་རྫས་ལ་རྒྱུས་ལོན་བྱས་པ་དང་། འཛད་སྤྱོད་ཁ་གསབ་དང་དངོས་རྙིང་གསར་བརྗེའི་སྲིད་ཇུས་ལག་བསྟར་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། རྒྱལ་སྟོན་དུས་ཆེན་སྐབས་སུ་ཚོང་རྫས་སྐོར་ཞིག་གི་འཚོང་ཚད་ཇེ་མང་དུ་སོང་བ་ཤེས་རྗེས། ཁོས་ཚོང་བས་འཛད་སྤྱོད་ཀྱི་གནས་བབ་གསར་བ་དང་དགོས་མཁོ་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་། བར་ཁྱད་ཅན་དང་ཁྱད་ཆོས་ཅན་གྱི་འཕེལ་རྒྱས་ཀྱི་ངེས་གནས་ཡང་དག་པར་བཙལ་ནས། འཛད་སྤྱོད་གནས་བབ་ཇེ་བཟང་དུ་གཏོང་བ་དང་འཛད་སྤྱོད་ཀྱི་སྣང་ཚུལ་ཇེ་ལེགས་སུ་གཏོང་རྒྱུའི་སྐུལ་མ་བཏང་། འབྲེལ་ཡོད་སྡེ་ཁག་གིས་འཛད་སྤྱོད་ལ་བཀག་སྡོམ་བྱེད་པའི་གནད་དོན་ཐག་གཅོད་པ་དང་། དམངས་ཕན་སྲིད་ཇུས་དྲིལ་སྒྲོག་དང་ལག་བསྟར་བྱེད་ཤུགས་ཆེར་བཏང་སྟེ། འཛད་སྤྱོད་པས་སྲིད་ཇུས་ལ་རྒྱུས་ལོན་གསལ་བོ་བྱས་ནས་ཁེ་ཕན་རེག་ཐུབ་པར་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་རྒྱུ་སྤུས་མཐོ་བའི་འཚོ་བའི་དགོས་མཁོ་བཟང་བོར་སྐོང་དགོས་ཞེས་མངག་བཅོལ་ནན་མོ་བྱས།
ཁྲིན་ཀང་ད་དུང་ཟི་ལིང་རིག་གནས་ཡུལ་སྐོར་ཐོན་ལས་ཞབས་ཞུ་ལྟེ་གནས་དང་མཚོ་འཕགས་སྟོང་གཉིས་དང་ཉིས་བརྒྱའི་ཁམས་གསོའི་ལྟེ་གནས། སིན་ཀྲི་ལོའུ་རང་སྐོར་རླངས་འཁོར་དང་ཁང་འཁོར་སྒར་ས་བཅས་ལ་སོང་ནས། ཟི་ལིང་གི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་ཁམས་གསོ་ལས་གཞི་འཆར་འགོད་དང་སྟོན་དགུན་དུས་ཀྱི་ཁྱད་ལྡན་བྱ་འགུལ་འཆར་འགོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཡུལ་དངོས་ནས་རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་འགན་ཁུར་མི་སྣའི་བསམ་ཚུལ་ལ་ཉན་ཞིང་། ཞིང་ཆེན་ཕྱིའི་ཡུལ་སྐོར་པ་དང་མཉམ་དུ་མཚོ་སྔོན་ཡུལ་སྐོར་ཐད་ཀྱི་མྱོང་ཚོར་གླེང་། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་བརྒལ་བའི་ཡུལ་སྐོར་མཉམ་ལས་ཀྱི་འགག་སྒྲོལ་གསར་བ་མངོན་འགྱུར་བྱེད་པ་དང་། སྤུས་ལེགས་ཡུལ་སྐོར་ཐོན་ཁུངས་ཀྱི་ཕྲེང་འབྲེལ་གྲུབ་པར་བྱས་ནས། གཞི་གཅིག་ཅན་གྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཡུལ་སྐོར་ལས་རྣམ་དང་ཐོན་རྫས་མཁོ་འདོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སྟོན་དགུན་དུས་ཀྱི་ཡུལ་སྐོར་སྦས་ཤུགས་སྔོག་འདོན་བྱེད་པ། མཚོ་སྐོར་ལྕགས་རྟ་འགྲན་སྡུར་སོགས་ཀྱི་ཚོང་རྟགས་མིང་གྲགས་ཅན་གྱི་ཚོགས་སྡེབ་བྱ་བ་བཟང་བོར་སྒྲུབ་ནས། རིག་གནས་ཡུལ་སྐོར་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཡུལ་སྐོར་ཞབས་ཞུའི་རྒྱུ་སྤུས་རྒྱུན་མཐུད་ངང་ཇེ་མཐོར་གཏོང་བ་དང་། རྨང་གཞི་སྒྲིག་ཆས་སྤུས་འདེགས་ནུས་སྤེལ་བྱེད་པར་སྐུལ་འདེད་གཏོང་བ། དུས་ཐོག་ཏུ་ཡུལ་སྐོར་དང་འབྲེལ་བའི་ཞུ་གཏུག་ཐག་གཅོད་བཟང་བོ་བྱས་ཏེ། ཡུལ་སྐོར་པའི་མཚོ་སྔོན་གྱི་འགྲུལ་བཞུད་སྤྲོ་སྐྱིད་ལྡན་ཞིང་སྟབས་བདེ་ཡོང་བར་བྱེད་དགོས། སྲིད་གཞུང་གིས་སྟེགས་བུ་འཛུགས་པ་དང་ཁེ་ལས་ཀྱིས་དོན་དངོས་སྒྲུབ་པའི་རྣམ་པ་བརྒྱུད་དེ་མཐོ་སྒང་གི་ཁམས་གསོ་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། ཚོང་རས་དང་ལེན་བྱེད་པ་དང་འཛད་སྤྱོད་པ་ཡིད་ཚིམ་པ། ཁེ་ལས་ཀྱི་བདག་གཉེར་རྒྱུན་མཐུད་པའི་འཁོར་རྒྱུག་བཟང་བོ་གྲུབ་པར་བྱེད་དགོས།
ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཝང་ལིན་ཧུའུ། ཀྲུའུ་ཞང་ཧྥིན། ཧི་ལུའུ་ཁྲུན་བཅས་འབྲེལ་ཡོད་རྟོག་ཞིབ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།