ལིས་ཆང་གིས་དཔལ་འབྱོར་གནས་བབ་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད།
2024.10.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 15

 ཟླ10པའི་ཚེས8ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་དཔལ་འབྱོར་གནས་བབ་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་དེ་མིག་སྔའི་དཔལ་འབྱོར་གནས་བབ་དང་གོམ་སྟབས་རྗེས་མའི་དཔལ་འབྱོར་ལས་དོན་སྐོར་གྱི་བསམ་འཆར་དང་གྲོས་གཞིར་གསན།

བཞུགས་མོལ་ཚོགས་འདུའི་ཐོག་ལུའོ་ཀྲི་ཧིན་དང་ཀྲོའུ་ཆི་རིན། ཧོང་ཡུས། ཀྲང་མེན། ཀྲང་ཧྲོས་ལིས།  ཡིའུ་ཝེ། ཀྲོའུ་ཡུང་། ཙོ་ཏེན་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད། ཚང་མས་བསྟན་དོན། ད་ལོར་རྙོག་འཛིང་ཆེ་ཞིང་ཛ་དྲག་ལྡན་པའི་ཕྱི་ཕྱོགས་ཁོར་ཡུག་གི་མདུན་དུ་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་བརླིང་དང་བརྟན་ཐོག་ཡར་འཕེལ་བྱུང་ཡོད། ཉེ་དུས་བཏོན་པའི་སྲིད་ཇུས་གསར་བ་སྣ་ཚོགས་ཀྱི་ཤུགས་ཚད་ཆེ་ཞིང་དམིགས་སའི་རང་བཞིན་དྲག་པོ་ལྡན་པས།  ཁྲོམ་རའི་སྔོན་དཔག་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཡོད་ཟེར། ཚང་མས་ད་དུང་དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བའི་ཐད་བསམ་འཆར་དང་གྲོས་གཞི་བཏོན།

ཆེད་མཁས་པ་དང་ཁེ་ལས་པའི་གཏམ་བཤད་ལ་ནན་ཏན་སྒོས་གསན་རྗེས། ལིས་ཆང་གིས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་མ་འགོར་བའི་སྔོན་ལ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་།  མིག་སྔའི་དཔལ་འབྱོར་གྱི་གནས་བབ་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་གནང་ཡོད་ལ།  གོམ་སྟབས་རྗེས་མའི་དཔལ་འབྱོར་ལས་དོན་ཐད་བླང་བྱ་གསལ་བོ་བཏོན་ནས། ཕྱིན་ཆད་དུས་སྐབས་ཤིག་གི་དཔལ་འབྱོར་ལས་དོན་ཡག་པོར་སྒྲུབ་པར་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པ་དང་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ།  འཕེལ་ཕྱོགས་ཆེན་པོ་གསལ་པོ་ཤེས་པ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས་ལ། དཀའ་ངལ་ལ་མཐོང་ཆེན་དང་ཧུར་ཐག་གིས་ཁ་གཏད་འཇལ་ནས། དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་འབུར་ཐོན་གནད་དོན་ནུས་ལྡན་སྒོས་ཐག་གཅོད་ཀྱང་བྱེད་དགོས། སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱེད་སྐབས་ཁྲོམ་རའི་གྲོས་གཞིར་ཉན་པ་དང་། སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་འདེབས་པར་མཐོང་ཆེན་བྱས་ཏེ། འཕེལ་རྒྱས་ཀྱི་ཡིད་ཆེས་མུ་མཐུད་དུ་ཆེ་རུ་གཏོང་དགོས།

ལིས་ཆང་གིས་ནན་གྱིས་བསྟན་དོན། དུས་རིམ་རྗེས་མའི་དཔལ་འབྱོར་ལས་དོན་ལེགས་པོར་སྒྲུབ་པ་དེ་ཧ་ཅང་གལ་ཆེ་བས། ཕྱོགས་སོ་སོས་འགན་འཁྲིའི་བསམ་པ་དང་དགོས་གཏུག་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་དང་ལས་འགན་ཧུར་ཐག་གིས་ཡོངས་འགྲུབ་བྱེད་དགོས། དཔལ་འབྱོར་བརྟན་བརླིང་ངང་འཕར་སྣོན་ཡོང་བར་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་དམ་འཛིན་བྱས་ཏེ།   འགྲེམ་སྤེལ་བྱས་པའི་སྲིད་ཇུས་མགྱོགས་མྱུར་ངང་ལག་བསྟར་བྱེད་པ་དང་།  སྔ་མོ་ནས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་ཁག་ཐེག་ཏན་ཏིག་བྱེད་པ། ཞིབ་འཇུག་བྱེད་བཞིན་པའི་སྲིད་ཇུས་ལ་མགྱོགས་མྱུར་ངང་བྱེ་བྲག་གི་ཇུས་གཞི་འདོན་དགོས། སྲིད་ཇུས་ཀྱི་བརྒྱུད་ཁྲིད་ཕན་འབྲས་ལ་རྗེས་སྙེག་དཔྱད་དཔོག་བྱས་ཏེ། ལེགས་སྒྱུར་བྱེད་དགོས་རིགས་ལེགས་སྒྱུར་དང་། ཤུགས་སྣོན་དགོས་རིགས་ལ་ཤུགས་སྣོན་དགོས། དུས་མཚུངས་སུ་སང་ལོའི་དཔལ་འབྱོར་ལས་དོན་ལ་ཇུས་འགོད་དང་ཟུང་འབྲེལ་བྱས་ཏེ། དཔལ་འབྱོར་བརྟན་བརླིང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ཁག་ཅིག་ཞིབ་འཇུག་དང་གསོག་འཇོག་བྱེད་དགོས་པར་མ་ཟད། དཔལ་འབྱོར་གནས་བབ་ཀྱི་འགྱུར་ལྡོག་ལ་དམིགས་ནས་དུས་ཐོག་ཏུ་འདོན་དགོས། དཔལ་འབྱོར་བརྟན་བརླིང་ཡོང་བའི་འགག་རྩ་ནི་ཁེ་ལས་བརྟན་པོ་ཡོང་བར་བྱེད་དགོས་པ་དེ་ཡིན་ལ། ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་ལས་དོན་ཡག་པོར་བསྒྲུབས་ཏེ། ས་གནས་སོ་སོས་ཁེ་ལས་ལ་ཕན་པའི་སྲིད་ཇུས་སྣ་ཚོགས་བེད་སྤྱོད་ཡག་པོ་བྱེད་པར་མཛུབ་སྟོན་བྱེད་པ་དང་། གང་འདོད་དུ་དངུལ་ཆད་གཅོད་པ་དང་། གང་འདོད་དུ་ཞིབ་བཤེར་བྱེད་པ། གང་འདོད་དུ་བཀག་སྡོམ་བྱེད་པ་སོགས་ཀྱི་གནད་དོན་བཅོས་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། རྒྱུན་ཆད་མེད་པར་ཚོང་གཉེར་ཁོར་ཡུག་ལེགས་བཅོས་དང་། ཁེ་ལས་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས།    ཏང་གི་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལྟར།  བཅོས་སྒྱུར་གྱི་ལས་འགན་སྣ་ཚོགས་དོན་འཁྱོལ་གཏིང་ཟབ་བྱས་ཏེ།  བཅོས་སྒྱུར་གྱི་བྱེད་ཐབས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་ཅི་ཐུབ་བྱེད་དགོས།

ལིས་ཆང་གིས་ཁེ་ལས་པ་རྣམས་ཀྱིས་ཏན་ཏན་ཏིག་ཏིག་གིས་ཁེ་ལས་ལེགས་པར་གཉེར་ཏེ་ཁྲོམ་ར་གསར་གཏོད་དང་། ལས་ཞུགས་བརྟན་གཏོང་། དངུལ་གཏོང་རྒྱ་སྐྱེད་པ་སོགས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན་ལ།  ཆེད་མཁས་པ་དང་མཁས་དབང་རྣམས་ཀྱིས་དཔལ་འབྱོར་འཁོར་སྐྱོད་ཁྲོད་བྱུང་བའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དམིགས་ནས། ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་དང་།  སྔོན་མཐོང་རང་བཞིན་དང་དགེ་མཚན་རང་བཞིན་གྱི་བསམ་འཆར་མང་པོ་འདོན་དགོས་པའི་རེ་བ་བཏོན།

ཝུའུ་ཀྲིན་ལུང་བཞུགས་མོལ་ཚོགས་འདུར་ཞུགས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།