ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཉེ་ལམ་གཞི་རིམ་གྱི་འཕྲལ་བསྟུན་དོ་དམ་ནུས་པ་སྔར་ལས་མཐོར་འདེགས་གཏོང་བའི་སྐོར་གྱི་གྲོས་གཞི་པར་འགྲེམ་བྱས། གྲོས་གཞིའི་ནང་། གཞི་རིམ་གྱི་འཕྲལ་བསྟུན་དོ་དམ་རྩ་འཛུགས་ཀྱི་ནུས་པ་མཐོར་འདེགས་གཏོང་ན། ཏང་གི་འགོ་ཁྲིད་གཞི་རིམ་གྱི་འཕྲལ་བསྟུན་དོ་དམ་བྱ་བའི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་དངོས་འབེབས་བྱེད་དགོས། འཕྲལ་བསྟུན་དོ་དམ་གྱི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། འཕྲལ་བསྟུན་བཀོད་འདོམས་རྐྱེན་སྲོལ་འཛུགས་པ་དང་འགན་འཁྲི་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། གཞི་རིམ་གྱི་བདེ་འཇགས་ཉེན་ཁ་འགོག་ཟོན་ནུས་པ་ཇེ་ཆེར་གཏོང་ན། རིག་ནུས་ལྟ་ཞིབ་སྔོན་བརྡ་ཇེ་དྲག་ཏུ་གཏོང་བ་དང་། ཉེན་ཁར་གྲལ་བཤེར་བཅོས་སྐྱོང་བཟང་བོ་བྱེད་པ། ཁྲིམས་ལྟར་ལྟ་སྐུལ་ཞིབ་བཤེར་སྤེལ་ནས། ཚན་རྩལ་ཁྱབ་གདལ་རྒྱ་ཆེར་བྱེད་དགོས། གཞི་རིམ་གྱི་འཕྲལ་བསྟུན་མྱུར་སྐྱོབ་དཔུང་སྡེའི་དངོས་འཐབ་ནུས་པ་ཇེ་ཆེར་གཏོང་ན། མྱུར་སྐྱོབ་སྟོབས་ཤུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་འཕྲལ་བསྟུན་སྟོབས་ཤུགས་འཕེལ་རྒྱས་སུ་གཏོང་བར་སྐུལ་སློང་དང་རྒྱབ་སྐྱོར་བྱེད་པ། གཞི་གཅིག་དོ་དམ་དང་དངོས་འཐབ་སྦྱོང་བརྡར་ལ་ཤུགས་སྣོན་པ། དཔུང་སྡེའི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། གཞི་རིམ་གྱི་འཕྲལ་བསྟུན་ཐག་གཅོད་ནུས་པ་མཐོར་འདེགས་གཏོང་ན། ཇུས་གཞི་གཏན་འབེབས་དང་འཁྲབ་སྦྱོང་ལ་ཤུགས་སྣོན་པ་དང་། ལས་རེས་ལས་སྲུང་དང་ཆ་འཕྲིན་ཡར་ཞུ་ཁྱབ་བསྒྲགས་ལ་ཤུགས་སྣོན་པ། སྔོན་དུས་སུ་ཐག་གཅོད་བྱས་ནས། གཅིག་འདོམས་སྒོས་གནོད་འཚེའི་རྗེས་ཀྱི་མྱུར་སྐྱོབ་བཟང་བོར་སྤེལ་དགོས། གཞི་རིམ་གྱི་འཕྲལ་བསྟུན་དོ་དམ་གྱི་འདེགས་སྐྱོར་འགན་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་ན། ཤེས་ལྡན་མི་སྣའི་རྒྱབ་སྐྱོར་ལ་ཤུགས་སྣོན་པ་དང་། མ་དངུལ་གཏོང་བར་འགན་སྲུང་བྱེད་པ། དངོས་ཟོག་འགན་སྲུང་ལ་ཤུགས་སྣོན་པ། ཚན་རྩལ་ནུས་འདོན་ཐད་ཤུགས་བསྣན་ནས། ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། རྩ་འཛུགས་ཀྱི་ལག་བསྟར་ལ་ཤུགས་སྣོན་ན། འཕྲལ་བསྟུན་དོ་དམ་བྱ་བའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་ལག་བསྟར་ཞིབ་མོ་བྱེད་པ་དང་། མང་ཚོགས་ཚོགས་པའི་རྩ་འཛུགས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། འབྲེལ་ཡོད་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས་ཞེས་བསྟན་ཡོད།
རིན་ཆེན་མཚོས་བསྒྱུར།