ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་བཅས་ཀྱིས་བློ་མཐུན་ཝུའུ་པང་གོ་སྐུ་གཤེགས་པའི་འདས་བརྡ་བཏང་།
2024.10.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

བློ་མཐུན་ཝུའུ་པང་གོ་ཡི་སྐུ་པར།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་གོ་མིདམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སྐྱོ་བ་ཆེན་པོས་ཁྱབ་བསྒྲགས་བྱས་དོན། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན། ཡུན་རིང་ཉམས་སད་ཐེག་པའི་བློ་དཀར་གྱི་གུང་ཁྲན་རིང་ལུགས་པའི་འཐབ་མོ་བ། གཟེངས་སུ་ཐོན་པའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་ཆབ་སྲིད་པ། ཏང་དང་རྒྱལ་ཁབ་ཀྱི་རྩེར་སོན་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་བཞི་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་བཅོ་ལྔ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཟུར་པ། སྐབས་བཅུ་པ་དང་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བློ་མཐུན་ཝུའུ་པང་གོ་ལགས་ལ་སྙུང་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་བར། 2024ལོའི་ཟླ10པའི་ཚེས8ཉིན་གྱི་དུས་ཚོད4དང་སྐར་མ36སྟེང་པེ་ཅིང་ནས་སྐུ་གཤེགས་པ་རེད། ད་ལོར་དགུང་ལོ84རེད།

བློ་མཐུན་ཝུའུ་པང་གོ་ནི1941ལོའི་ཟླ7པར་སྐུ་འཁྲུངས་ཤིང་། ཁོང་ནི་ཨན་ཧོས་ཧྥེ་ཏུང་གི་མི་རེད། ཁོང་ལོ་ན་གཞོན་དུས་ནས་མེས་རྒྱལ་ལ་དགའ་ཞེན་ཆེ་ཞིང་། དཀའ་སྤྱད་ཀྱིས་སློབ་སྦྱོང་ལ་བརྩོན་པར་མ་ཟད་ཡར་ཐོན་ལ་རེ་སྙེག་བྱས། 1960ལོ་ནས1967ལོའི་བར་ཆིན་ཧྭ་སློབ་ཆེན་སྐུད་མེད་གློག་གློག་རྡུལ་རིག་པའི་སྡེ་ཁག་གི་གློག་བརྟེན་རླུང་འཇིལ་འཕྲུལ་ཆས་ཀྱི་ཆེད་ལས་སྦྱངས། 1964ལོའི་ཟླ4པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 1967ལོ་ནས་བཟུང་སྐབས་རིམ་བྱུང་གི་ཧྲང་ཧེ་གློག་རྡུལ་ཀོན་སན་བཟོ་གྲྭའི་ལག་རྩལ་པ་དང་། ལག་རྩལ་ཁི་ཡི་ཁི་ཀྲང་། ཏང་ཨུའི་ཧྲུའུ་ཅི་གཞོན་པ། གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། བཟོ་གྲྭའི་འགོ་གཙོ་གཞོན་པ། བཟོ་གྲྭའི་འགོ་གཙོ་སོགས་ཀྱི་འགན་ཁུར་ཞིང་། ཧྲང་ཧེ་གྲོང་ཁྱེར་གློག་རྡུལ་མ་རྡུལ་རྒྱུ་ཆའི་བཟོ་ལས་ཀུང་ཟིའི་སྤྱི་གཉེར་གཞོན་པ། ཧྲང་ཧེ་གྲོང་ཁྱེར་གློག་བརྟེན་རླུང་འཇིལ་འཕྲུལ་ཆས་ཀུང་ཟིའི་སྤྱི་གཉེར་གཞོན་པ། ཧྲང་ཧེ་གྲོང་ཁྱེར་ཚད་ལེན་གློག་འཕྲིན་བཟོ་ལས་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་ཁུར་མྱོང་།

རིག་གནས་གསར་བརྗེ་ཆེན་མོའི་དུས་སྐབས་སུ། ཁོང་གིས་ཏང་གཤིས་ཀྱི་རྩ་དོན་རྒྱུན་འཁྱོངས་དང་དངོས་ཐོག་བདེན་འཚོལ་བྱས་ཏེ། དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་འགོག་རྒོལ་བྱས་པ་རེད།

1983ལོའི་ཟླ3པ་ནས1991ལོའི་ཟླ3པའི་བར། བློ་མཐུན་ཝུའུ་པང་གོ་ཡིས་ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་གྲོང་ཁྱེར་ཏང་ཨུའི་ཚན་རྩལ་བྱ་བའི་ཏང་ཨུའི་ཧྲུའུ་ཅི། ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་རིམ་བཞིན་དུ་འཁུར་མྱོང་།

1991ལོའི་ཟླ3པ་ནས1994ལོའི་ཟླ9པའི་བར། བློ་མཐུན་ཝུའུ་པང་གོ་ཡིས་ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར། 1992ལོའི་ཟླ10པར་ཀྲུང་གུང་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ལ་བདམས། ཁོང་གིས་བློ་མཐུན་ཏིན་ཞའོ་ཕིང་གི་ལྷོ་ཕྱོགས་གྲོས་མོལ་གྱི་དགོངས་དོན་འབད་པས་དྲིལ་སྒྲོག་དང་ལག་བསྟར་བྱས་པ་དང་། ཏང་ཀྲུང་དབྱང་གི་ཕུའུ་ཏུང་གསར་སྤེལ་སྒོ་འབྱེད་སྐོར་གྱི་འཐབ་ཇུས་ཇུས་ཆོད་གལ་ཆེན་མཐའ་གཅིག་ཏུ་དངོས་འབེབས་བྱས་ལ། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་རྐྱེན་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་བཏང་ཞིང་། ཐོན་ལས་སྒྲིག་གཞིའི་འཐབ་ཇུས་རབ་བཞིན་གྱི་སྙོམ་སྒྲིག་བྱ་བར་དོ་སྣང་ཟབ་མོ་བྱས་པ་དང་། ཤུགས་ཆེན་པོས་དམངས་ཚིས་འགན་སྲུང་དང་གྲོང་སྲིད་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་ནས། ཧྲང་ཧེའི་གསར་སྤེལ་བྱ་བའི་ཕྱི་ནང་གཉིས་ཀྱི་ཁྱོན་ཡོངས་སྒོ་འབྱེད་བྱ་བར་རྣམ་པ་གསར་བ་ཞིག་ཐོན་པར་སྐུལ་འདེད་བཏང་། ཁོང་གིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པར་ཧ་ཅང་མཐོང་ཆེན་བྱེད་ཅིང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་ལ་ནུས་པ་གང་ཡོད་ཀྱིས་ཤུགས་བསྣན་ནས། བཅོས་སྒྱུར་སྒོ་འབྱེད་དང་དཔལ་འབྱོར་འཛུགས་སྐྲུན་བྱ་བར་ཞབས་འདེགས་སྔར་ལས་བཟང་པོ་ཞུས་ཡོད།

1994ལོའི་ཟླ9པར། བློ་མཐུན་ཝུའུ་པང་གོ་ཀྲུང་གུང་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་རུ་གསབ་སྣོན་བྱས། 1995ལོའི་ཟླ3པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་གཞོན་པར་བསྐོ་འཇོག་གནང་། བར་སྐབས་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་འགག་གསུམ་བཟོ་བསྐྲུན་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་། ཀྲུང་དབྱང་གི་ཆེ་གྲས་ཁེ་ལས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲུང་དབྱང་ཁེ་ལས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་སོགས་ཀྱི་འགན་གཅིག་ལྕོགས་སུ་ཁུར། ཁོང་གིས་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་བཅོས་སྒྱུར་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་པ་དང་། རྒྱལ་དབང་ཆེ་འབྲིང་རིགས་ཀྱི་ཁེ་ལས་བཅོས་སྒྱུར་དང་འགག་སྒྲོལ་ལོ་གསུམ་དམིགས་འབེན་དུས་ལྟར་གཞི་རྩའི་སྟེང་མངོན་འགྱུར་ཐུབ་པར་སྐུལ་འདེད་བཏང་ཞིང་། དེང་རབས་ཁེ་ལས་ལམ་ལུགས་འཛུགས་སྐྲུན་བྱ་བ་ཇེ་མགྱོགས་སུ་བཏང་བ་དང་། འཐབ་ཇུས་ཀྱི་སྟེང་ནས་རྒྱལ་དབང་དཔལ་འབྱོར་གྱི་བཀོད་པ་སྙོམ་སྒྲིག་དང་རྒྱལ་དབང་ཁེ་ལས་བསྐྱར་སྒྲིག་བྱས་ཤིང་། བསྐྱར་དུ་ལས་ཞུགས་བྱ་བ་དང་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་བྱ་བར་ཤུགས་བསྣན་ནས། རྒྱལ་དབང་ཁེ་ལས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་ཁྱད་དུ་འཕགས་པའི་གྲུབ་འབྲས་མང་པོ་བླངས་ཡོད། ཁོང་གིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། འགག་གསུམ་བཟོ་བསྐྲུན་དང་ལྕགས་ལམ། གཞུང་ལམ། གྲུ་ཁ། སྦྲགས་གློག་འཕྲིན་གསུམ་གྱི་འཛུགས་སྐྲུན་བྱ་བར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། སྟོབས་ཤུགས་གཅིག་སྡུད་ཀྱིས་སྤྱི་ཡོངས་དང་འབྲེལ་བའི་གལ་ཆེའི་རྨང་གཞིའི་སྒྲིག་ཆས་ཀྱི་རྣམ་གྲངས་སྐོར་ཞིག་ལེགས་གྲུབ་བྱས་ནས། རང་རྒྱལ་གྱི་དཔལ་འབྱོར་འཕེ་རྒྱས་ཀྱི་གདིང་ཤུགས་ཇེ་དྲག་ཏུ་བཏང་བ་རེད།

2002ལོའི་ཟླ11པར། བློ་མཐུན་ཝུའུ་པང་གོ་ཀྲུང་གུང་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་དུ་བདམས། 2003ལོའི་ཟླ3པར། སྐབས་བཅུ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་སྟེང་དུ། ཁོང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དུ་བདམས། གཞན་ཟླ་དེའི་ནང་ཁོང་གིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའི་འགན་ཁུར། 2007ལོའི་ཟླ10པར། ཁོང་ཀྲུང་གུང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་ཡང་བསྐྱར་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་དུ་བདམས་ཐོན་བྱུང་། 2008ལོའི་ཟླ3པར། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་སྟེང་། ཁོང་ཡང་བསྐྱར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དུ་བདམས་ཐོན་བྱུང་ཞིང་། ཟླ་དེའི་ནང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའི་འགན་ཁུར། ཁོང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ནན་ཏན་གྱིས་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པར་མ་ཟད། ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱས་ཏེ། བྱ་བའི་ཕན་འབྲས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ཞིང་། སྔར་ལས་ལྷག་པར་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ཀྱི་གཞུང་ལུགས་དང་ལག་ལེན་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་ནས། སྤྱི་ཚོགས་རིང་ལུགས་དམངས་གཙོ་འཕེལ་རྒྱས་གཏོང་ཆེད་དང་། སྤྱི་ཚོགས་རིང་ལུགས་ཁྲིམས་ལུགས་འཐུས་ཚང་གཏོང་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད།

བློ་མཐུན་ཝུའུ་པང་གོ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་འགོ་ཁྲིད་པ་གཙོ་བོ་ཡིན། ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག ཁོང་གིས་ཁྲིམས་འཛུགས་བྱ་བ་དེ་རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་འགན་གཙོར་བྱས་ཤིང་། ཚན་རིག་ལྟར་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས་རྒྱུན་འཁྱོངས་སྒོས་གནས་བབ་གསར་བར་འཚམ་པར་བྱས་ཏེ་འབྲེལ་ཡོད་བཅའ་ཁྲིམས་གཏན་འབེབས་དང་བཟོ་བཅོས་བྱས་ནས། བཅའ་ཁྲིམས་ལེགས་བསྒྱུར་བྱ་བ་གཅིག་བསྡུས་ཀྱིས་སྤེལ། ཁོང་གིས་ཀྲུང་དབྱང་རྩ་ཁྲིམས་བཟོ་བཅོས་ཚན་ཆུང་གི་ཚན་གཙོའི་འགན་ཁུར་ཏེ་རྩ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་རྩ་འཛུགས་བྱས་པར་མ་ཟད། སྐབས་བཅུ་བའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་ནས་གྲོས་འཆམ་བྱུང་། ཁོང་གིས་རྒྱལ་ཁབ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་དང་དངོས་དབང་བཅའ་ཁྲིམས་སོགས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཕེལ་རྒྱས་ཐད་ཤུགས་རྐྱེན་ཆེན་པོ་ལྡན་པའི་བཅའ་ཁྲིམས་རབ་དང་རིམ་པ་གཏན་འབེབས་དང་བཟོ་བཅོས་བྱེད་པར་མགོ་འཛིན་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཆགས་པར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག ཁོང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ནི་འགུལ་རྣམ་ཅན་དང་སྒོ་འབྱེད་ཅན། འཕེལ་རྒྱས་བཅས་བཅས་ཡིན་པས། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་དང་བསྟུན་ནས་འཕེལ་རྒྱས་སུ་གཏོང་དགོས་པ་ནན་བཤད་བྱས། ཁོང་གིས་དམངས་ཆེན་བྱ་བས་ངེས་པར་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་ནན་བཤད་བྱས། དམངས་ཆེན་གྱི་བྱ་བ་སོ་སོ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པར་ཕན་དགོས་པ་དང་། ཏང་གི་སྲིད་འཛིན་གོ་གནས་ལ་ཕན་དགོས། དེ་ནི་དུས་ནམ་ཡང་གཡོ་འགུལ་བྱེད་མི་རུང་། ཁོང་གིས་གནས་ཐིག་གསར་བའི་སྟེང་མུ་མཐུད་དུ་ཁྲིམས་འཛུགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་དང་། ཁྲིམས་འཛུགས་རྗེས་ཀྱི་དཔྱད་འཇོག་ལ་འཚོལ་ཞིབ་བྱས་ཏེ། རྒྱུན་ཆད་མེད་པར་ཁྲིམས་འཛུགས་སྤུས་ཚད་མཐོར་འདེགས་དང་རྩ་ཁྲིམས་དང་བཅའ་ཁྲིམས་དག་ཕན་ནུས་ལྡན་པའི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས། ཁོང་གིས་དམངས་ཆེན་གྱི་ལྟ་རྟོག་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་ཅིང་། དཀྱིལ་སྙིང་ལ་དམིགས་པ་དང་གཙོ་གནད་འབུར་དུ་ཐོན་པ། ཕན་ནུས་གཙོར་འཛིན་པ་བཅས་ཀྱི་ལྟ་རྟོག་བྱ་བའི་བསམ་ཕྱོགས་གསལ་བོར་བཏོན་པ་དང་། ལྟ་རྟོག་བྱ་བའི་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ་ནུས་ཡོད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་ལེན་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་། ཁོང་གིས་དམངས་ཆེན་གྱི་ཕྱི་ཕྱོགས་འགྲོ་འོང་བྱ་བར་མཐོང་ཆེན་བྱས་པ་དང་། དམངས་ཆེན་གྱི་ཕྱི་ཕྱོགས་འགྲོ་འོང་གིས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ཆེ་ཕྱོགས་ལ་བསྟུན་པ་རྒྱུན་འཁྱོངས་བྱས་ཏེ། དམངས་ཆེན་གྱི་ཕྱི་ཕྱོགས་འགྲོ་འོང་གི་ཁྱད་ཆོས་དང་ཁྱད་སྟོབས་འདོན་སྤེལ་བྱེད་པར་དོ་སྣང་བྱས་པ་དང་། ཕྱོགས་ཡོངས་ནས་རྒྱལ་ཁབ་སོ་སོའི་གྲོས་ཁང་དང་ཕྱོགས་མང་གྲོས་ཁང་རྩ་འཛུགས་བར་གྱི་མཛའ་མཐུན་འབྲེལ་བར་ཤུགས་སྣོན་བྱས་ཏེ། དམངས་ཆེན་གྱི་ཕྱི་ཕྱོགས་འགྲོ་འོང་གི་རྣམ་པ་གསར་བ་ཆགས་པར་སྐུལ་འདེད་བཏང་། ཁོང་གིས་དམངས་ཆེན་འཐུས་མིའི་ནུས་པ་འདོན་སྤེལ་བྱེད་པར་མཐོང་ཆེན་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིའི་ནུས་པ་འདོན་སྤེལ་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགར་འགོ་ཁྲིད་ནས་ཞིབ་འཇུག་གཏན་འབེབས་བྱས་པ་དང་། འཐུས་མིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པར་རྒྱབ་སྐྱོར་དང་འགན་སྲུང་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འཐུས་མིའི་བྱ་བའི་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བ་དང་། སྔར་ལས་ལྷག་པར་འཐུས་མི་དག་རྒྱལ་ཁབ་ཀྱི་ལས་དོན་དོ་དམ་ཁྲོད་ཞུགས་པའི་ནུས་པ་འདོན་སྤེལ་བྱེད་དུ་བཅུག ཁོང་གིས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་བྱེད་པ། ཁྲིམས་ལུགས་དྲིལ་སློག་སློབ་གསོར་ཤུགས་སྣོན་བྱས་ཏེ། ཁྲིམས་ལྟར་ལས་འགན་ལག་བསྟར་བྱེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་དགོས་པ་ནན་བཤད་བྱས།

2013ལོའི་ཟླ3པར། བློ་མཐུན་ཝུའུ་པང་གོ་ཡིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་ལས་འགན་བསྐྱུར་བ་དང་། འགོ་ཁྲིད་ཀྱི་ལས་གནས་ལས་བུད་རྗེས། ཁོང་གིས་བློ་བརྟན་འགྱུར་མེད་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་ལ་གོང་བཀུར་དང་རྒྱབ་སྐྱོར་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་ནན་ཏན་གྱིས་སློབ་སྦྱོང་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལ་སེམས་ཁུར་བྱས་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས།

བློ་མཐུན་ཝུའུ་པང་གོ་ཡི་མི་ཚེ་གང་བོ་ནི་གསར་བརྗེའི་མི་ཚེ་དང་འོད་སྟོང་ལྡན་པའི་མི་ཚེ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་མི་ཚེ་ཞིག་ཡིན་པར་མ་ཟད། གུང་ཁྲན་རིང་ལུགས་ཀྱི་ཕུགས་འདུན་དང་ཏང་དང་རྒྱལ་ཁབ་ལས་དོན་ལ་འབད་བརྩོན་ལྷོད་མེད་བྱེད་པའི་མི་ཚེ་ཡིན། ཁོང་སྐུ་གཤེགས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་གྱོང་གུད་ཆེན་པོ་ཞིག་རེད། ང་ཚོས་སྐྱོ་སྡུག་དེ་སྟོབས་ཤུགས་སུ་བསྒྱུར་ཏེ། ཁོང་གི་གསར་བརྗེའི་སྙིང་སྟོབས་དང་བླ་མེད་ཀུན་སྤྱོད། ཕུལ་བྱུང་བའི་བྱ་སྤྱོད་བཅས་ལ་སློབ་སྦྱོང་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་ལྡན་པའི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ཤིང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་བཞི་སྲ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབས་ཏེ། ཡིད་ཆེས་བརྟན་པོ་དང་བློ་སེམས་གཅིག་མཐུན་གྱིས་དཀའ་སྤྱད་འབད་འཐབ་དང་དཔའ་སྤོབས་མདུན་སྐྱོད་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་གྱི་ཆེད་དུ་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

བློ་མཐུན་ཝུའུ་པང་གོ་དུས་ནམ་ཡང་ང་ཚོའི་སེམས་ཁོང་དུ་འཚོ་བཞིན་ཡོད།

བསོད་ནམས་ཚེ་རིང་དང་རིག་འཛིན་སྒྲོལ་མ་གཉིས་ཀྱིས་བསྒྱུར།