ཟླ10པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་གྱིས་དུས་སྐབས་གསར་བའི་ཐོན་ལས་བཟོ་པའི་རུ་ཁག་འཛུགས་སྐྲུན་བཅོས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བའི་མཉམ་འབྲེལ་གྲོས་ཚོགས་ཟི་ལིང་དུ་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི། ཞིང་ཆེན་ཐོན་ལས་བཅོས་སྒྱུར་མཉམ་འབྲེལ་ཚོགས་འདུ་བསྡུ་མཁན་ཝང་ཏཱ་ནན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོན་ལས་བཟོ་པའི་རུ་ཁག་འཛུགས་སྐྲུན་བཅོས་སྒྱུར་བྱེད་པའི་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་ལ། བྱ་བའི་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་དང་། གནས་བབ་ལས་འགན་ལ་དབྱེ་ཞིབ་བྱས་ཤིང་། འབྲེལ་ཡོད་བྱ་བ་བཀོད་སྒྲིག་བྱས་ཏེ། སྟོབས་ཤུགས་ཆེན་པོས་རང་ཞིང་གི་ཐོན་ལས་བཟོ་པའི་རུ་ཁག་འཛུགས་སྐྲུན་བཅོས་སྒྱུར་བྱེད་པའི་བྱ་བ་དངོས་འབེབས་གང་ལེགས་བྱེད་པར་སྐུལ་འདེད་བཏང་།
གྲོས་ཚོགས་ནས་བསྟན་དོན། ཐོན་ལས་བཟོ་པའི་རུ་ཁག་འཛུགས་སྐྲུན་བཅོས་སྒྱུར་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་བརྗོད་བྱ་བཏོན་པ་དང་། སྐུ་དངོས་སུ་བཀོད་སྒྲིག་བྱས་ཤིང་། སྐུ་དངོས་སུ་མཛུབ་སྟོན་བཅས་བྱེད་པའི་བཅོས་སྒྱུར་གལ་ཆེན་ཞིག་ཡིན། ཐོན་ལས་བཟོ་པའི་རུ་ཁག་འཛུགས་སྐྲུན་བཅོས་སྒྱུར་བྱེད་པའི་བྱ་བར་སྐུལ་འདེད་ནན་མོ་གཏོང་བ་ནི་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་། སྲུང་སྐྱོང་གཉིས་ལེགས་པོར་བསྒྲུབ་པའི་དོན་དངོས་འགུལ་སྐྱོད་ཡིན་ལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་གཞི་འཛིན་ས་ཡིན་ཞིང་། མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ་བཅས་ཡིན།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། རང་ཞིང་གི་ཐོན་ལས་བཟོ་པའི་རུ་ཁག་འཛུགས་སྐྲུན་བཅོས་སྒྱུར་བྱེད་པའི་ལས་འགན་གཙོ་བོར་སྔར་ལས་སྐུལ་འདེད་བཏང་ནས་ཕན་འབྲས་གསར་བ་ལེན་པ་དང་ཐོད་བརྒལ་གསར་བ་མངོན་ཆེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། ཏང་གི་སྲིད་སྐྱོང་གི་གྲལ་རིམ་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་གཏོང་བར་དམིགས་ནས། ཐོན་ལས་བཟོ་པའི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་ཏེ། བྱས་རྗེས་འཇོག་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་དགོས། ཐོན་ལས་བཟོ་པའི་རུ་ཁག་རྩེ་གྲ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པར་དམིགས་ནས། བྱང་ཚད་ཇེ་མཐོར་གཏོང་བའི་བྱ་བ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་དགོས། ངལ་རྩོལ་གྱི་བརྩོན་སེམས་དང་གསར་སྐྲུན་གྱི་སྦས་ཤུགས་སྐུལ་སྤེལ་བྱེད་པར་དམིགས་ཏེ། ཐོན་ལས་བཟོ་པའི་གོ་གནས་ཇེ་མཐོར་གཏོང་བའི་བྱ་བ་རྒྱུན་མཐུད་སྒོས་གཏིང་ཟབ་ཏུ་སྤེལ་དགོས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འཇོན་མིའི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་པར་དམིགས་ནས། ཐོན་ལས་བཟོ་པའི་རུ་ཁག་སྔར་ལས་སྟོབས་ལྡན་དུ་གཏོང་དགོས།
ལྷ་མོ་འཚོས་བསྒྱུར།