རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པ་པེ་ཅིང་ནས་ཚོགས་འགོ་བརྩམས།
2024.10.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པ་ཚེས9ཉིན་གྱི་སྔ་དྲོར་པེ་ཅིང་ནས་ཚོགས་འགོ་བརྩམས་པ་དང་། གྲོས་དོན་གཙོ་བོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་དོན་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རིག་གནས་རང་རྟོན་རང་འཕེལ་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་རིག་གནས་ཀྱི་གྲུབ་འབྲས་གསར་བ་བསྐྲུན་པར་དམིགས་ནས་གྲོས་མོལ་སྲིད་གླེང་བྱེད་རྒྱུ་དེ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལེ་གདན་ཞུ་ལྟར་གྲོས་ཚོགས་ལ་ཞུགས་པར་མ་ཟད་སྙན་ཞུ་ཕུལ་བ་དང་། ཡུལ་དངོས་ནས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་རྣམས་ཀྱི་གྲོས་གཞི་དང་བསམ་ཚུལ་ལ་ཉན། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་རིག་གནས་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱས་པ་དང་། དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བའི་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བར་སྐུལ་འདེད་བཏང་། བསྐྱོད་ལམ་གསར་བའི་སྟེང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མཛུབ་སྟོན་གོ་གནས་སྲ་བརྟན་དུ་གཏོང་བ། ཆ་འཕྲིན་ཅན་གྱི་ཆ་རྐྱེན་འོག་གི་གླེང་ཕྱོགས་ཀྱི་གཙོ་ཁྲིད་དབང་ཆ་ཁོང་དུ་ཆུད་པར་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་པ། རིག་གནས་རིག་རྩལ་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བ། རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་ཤུགས་སྣོན་པ། ཀྲུང་ཧྭའི་རིག་གནས་བརྒྱུད་སྒྲོག་ནུས་པ་དང་ཤན་ཤུགས་ཇེ་ཆེར་བཏང་ནས། དུས་རབས་གསར་བའི་རིག་གནས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་དགོས། ཏང་གི་བསམ་བློ་རིག་གནས་བྱ་བའི་ཐད་ཀྱི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། རིག་གནས་འཛུགས་སྐྲུན་གྱི་ལས་འགན་སྣ་ཚོགས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱེད་པ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་གསར་སྐྲུན་གསོན་ཤུགས་ཆེར་བསྐྱེད་དེ། སྣང་བརྙན་གསར་བ་དང་གྲུབ་འབྲས་གསར་བར་བརྟེན་ནས་རིག་གནས་དར་རྒྱས་དང་རིག་གནས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་དོན་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་ཟབ་མོ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་པ། མི་དམངས་སྲིད་གྲོས་དེ་ཆེད་དོན་གྲོས་མོལ་ལས་ཁུངས་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སྣེ་ཁྲིད་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རིག་གནས་རང་རྟོན་རང་འཕེལ་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་རིག་གནས་ཀྱི་གྲུབ་འབྲས་གསར་བ་བསྐྲུན་པར་དམིགས་ནས་གྲོས་མོལ་སྲིད་གླེང་དང་བློ་འདོན་ཇུས་འབུལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

ཚོགས་ཐོག་ཏུ་རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུང་ཧྭའི་རིག་གནས་ཀྱི་སྲོག་རྒྱུན་རྒྱུན་འཛིན་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་དང་གསར་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱི་དང་ཁུལ་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་བྱེད་པར་གཅིག་འདོམས་བྱེད་པ། ཕྱི་འབྲེལ་བཅའ་ཁྲིམས་ཞབས་ཞུ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དེ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ། ཁྱད་ལྡན་དགེ་མཚན་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་མི་རིགས་ས་ཁུལ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ། ཀྲུང་ཧྭ་རིག་གནས་ཀྱི་འགོ་ཁུངས་ལ་ཞིབ་འཇུག་དང་འགྲེལ་བཤད་བཟང་བོ་བྱེད་པ་སོགས་ཀྱི་རྟོག་ཞིབ་སྤེལ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་ཁུར་བའི་ཝང་ཏུང་ཧྥིན་སོགས་ཀྱིས་འབྲེལ་ཡོད་གྲོས་དོན་ཐད་ནས་གསལ་བཤད་དང་སྙན་ཞུ་ཕུལ།