ན་ཆུང་སློབ་མ་མེས་རྒྱལ་ལ་དགའ་སྟེ་ངའི་སེམས་ཁོང་གི་སྐར་ལྔའི་དར་དམར་ཞེས་པའི་རྒྱལ་དར་བརྒྱུད་སྤྲོད་བྱ་འགུལ་དེ་མཚོ་སྔོན་རྡུལ་ཕྲན་མཁར་རྗེས་དྲན་ཁང་དུ་སྤེལ། 
2024.10.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཀྲུང་གོའི་ན་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་དོན་ལྔ་འཁོར་བ་དང་། ལྷ་གྲུ་ཨང་དང་པོའི་ལས་འགན་ལེགས་འགྲུབ་བྱུང་ནས་ལོ་ཉེར་ལྔ་འཁོར་བ། ཀྲུང་གོའི་རྡུལ་ཕྲན་འཕུར་མདེལ་དང་པོ་འགས་གཏོར་ལེགས་འགྲུབ་བྱུང་ནས་ལོ་དྲུག་ཅུ་འཁོར་བ་བཅས་ལ་རྗེས་དྲན་ཞུ་ཆེད། ཟླ10པའི་ཚེས9ཉིན་གྱི་སྔ་དྲོར། ན་ཆུང་སློབ་མ་མེས་རྒྱལ་ལ་དགའ་སྟེ་ངའི་སེམས་ཁོང་གི་སྐར་ལྔའི་དར་དམར་ཞེས་པའི་རྒྱལ་དར་བརྒྱུད་སྤྲོད་བྱ་འགུལ་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མཚོ་སྔོན་རྡུལ་ཕྲན་མཁར་རྗེས་དྲན་ཁང་དུ་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ན་ཆུང་གདོང་ལེན་རུ་ཁག་བྱ་བའི་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་རིན་ལིའུ་ཆི་ཧྥན་གྱིས་གཏམ་བཤད་པ་དང་། ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་གྲུའི་ལས་གཞིའི་སྤྱི་ཁྱབ་ཇུས་འགོད་པ་གཞོན་པ་དབྱང་ལེ་ཝེ་ཡིས་ཤིས་ཚིག་ཕུལ་ཞིང་། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་མཱ་ཅི་ཞའོ་བྱ་འགུལ་ལ་ཞུགས། 

བྱ་འགུལ་གྱི་ཡུལ་དངོས་སུ། ན་ཆུང་སློབ་མའི་དར་ཆ་སྒྲེང་མཁན་དང་རྒྱལ་དར་སྲུང་སྐྱོབ་རུ་ཁག་རྣམས་ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་སྡོད་འཕུར་གྲུའི་རྗེས་འབྲངས་ནས་ཀྲུང་གོའི་བར་སྣང་ས་ཚིགས་སུ་འཕུར་བར་མ་ཟད། ལྷ་གྲུ་ཨང་བཅུ་བདུན་པའི་མི་སྡོད་འཕུར་གྲུ་ཕྱིར་སྐམ་སར་ལོག་པའི་རྗེས་འབྲངས་ནས་རྒྱལ་དར་སྤྲོད་ལེན་བྱས་པར་མ་ཟད་རྒྱལ་དར་བསྒྲེངས་པའི་མཛད་སྒོ་གཟབ་རྒྱས་ངང་བསྡུས།

དབྱང་ལིས་ཝེ་ཡིས་ཤིས་ཚིག་འབུལ་སྐབས་སུ་ལྷ་གྲུ་ཨང་ལྔ་བར་བསྡད་ནས་བར་སྣང་དུ་འཕུར་བའི་འཇིག་རྟེན་འཕུར་སྐྱོད་ལོ་རྒྱུས་དང་བར་སྣང་ནས་རྒྱལ་དར་བསྒྲེངས་སྐབས་ཀྱི་མྱོང་ཚོར་མཉམ་སྤྱོད་བྱས་ནས། རྒྱ་ཆེའི་ན་ཆུང་གདོང་ལེན་རུ་མི་རྣམས་ཀྱི་ཚན་རིག་ཤེས་བྱ་སློབ་སྦྱོང་བྱེད་པ་དང་། ཚན་རིག་འཚོལ་ཞིབ་ཀྱི་དགའ་ཕྱོགས་རྒྱུན་འཁྱོངས་བྱེད་ཅིང་།  བརྩི་མཐོང་དྲང་བདེན་གྱི་ཚན་རིག་གི་སྙིང་སྟོབས་སྐྱེད་སྲིང་བྱེད་ལ། དཀའ་ཁག་ལ་མགོ་མི་སྒུར་བར་ཏན་ཏན་ཏིག་ཏིག་བྱེད་པ་དང་། རང་གི་ཕུགས་བསམ་དང་མེས་རྒྱལ་གྱི་དགོས་མཁོ་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ། འཇིག་རྟེན་འཕུར་སྐྱོད་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རང་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་སྐུལ་མ་བཏང་།

ལིའུ་ཆི་ཧྥན་གྱིས་ཞིང་ཆེན་ཡོངས་ཀྱི་ན་གཞོན་རྣམས་ཀྱིས་མིག་རྒྱང་རིང་ཞིང་ཕུགས་འདུན་བརྟན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ནན་མོ་ཡིད་ལ་དམ་པོར་བཟུང་ནས། འབད་པ་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལག་བསྟར་མཁན་དང་འབད་འཐབ་མཁན་དུ་འགྱུར་བར་བྱེད་དགོས། བརྩོན་པས་སློབ་སྦྱོང་བྱེད་པ་དང་། བློ་བརྟན་འགྱུར་མེད་དང་དུས་ཚོད་དམ་འཛིན་བྱེད་པ། ལང་ཚོ་སྟོང་ཟད་དུ་མི་གཏོང་བར་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས། ཀུན་སྤྱོད་དང་བློ་གྲོས། ལུས་རྩལ་དང་མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཛུགས་སྐྲུན་མཁན་དང་རྒྱུད་འཛིན་མཁན་ཚད་ལྡན་ཞིག་བྱེད་དགོས། སྙིང་སྟོབས་དང་གཟི་བརྗིད་རྒྱུན་འཛིན་བྱེད་པ་དང་། མི་སྡོད་འཇིག་རྟེན་འཕུར་སྐྱོད་སྙིང་སྟོབས་དང་བཅས་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་རྒྱུད་འཛིན་དང་དར་སྤེལ་བཟང་པོ་བྱས་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་ཁུར་བའི་དུས་རབས་ཀྱི་མི་གསར་བྱེད་དགོས་བའི་སྐུལ་མ་བཏང་།

བྱ་འགུལ་ཁྲོད། དབྱང་ལེ་ཝེ་ན་ཆུང་གདོང་ལེན་རུ་མི་རྣམས་མཉམ་དུ་དམར་པོའི་ཞིབ་སློབ་བྱ་འགུལ་དུ་ཞུགས་ནས། མཚོ་སྔོན་རྡུལ་ཕྲན་མཁར་རྗེས་དྲན་ཁང་དང་སྔོན་ཆད་ཀྱི211ཡན་ལག་བཟོ་གྲྭར་ལྟ་སྐོར་བྱས། མཚོ་སྔོན་རྡུལ་ཕྲན་མཁར་རྗེས་དྲན་ཁང་གི་འགྲེལ་བཤད་པ་དང་ཞིང་ཆེན་ན་གཞོན་འཆད་ཁྲིད་རུ་ཁག་གི་ཁོངས་མིས་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་འགྲེལ་བཤད་བྱས། ན་ཆུང་གདོང་ལེན་རུ་མིའི་འཐུས་ཚབ་པས་རྒྱལ་དར་འོག་ཏུ་གཏམ་བཤད་བྱས། 

ཐེངས་འདིའི་རྒྱལ་དར་བརྒྱུད་སྤྲོད་བྱ་འགུལ་དེ་བར་སྣང་བརྒྱུད་སྤྲོད་དང་ས་དངོས་བརྒྱུད་སྤྲོད་ཀྱི་རིམ་པ་གཉིས་སུ་དབྱེ་ཡོད། མཚོ་སྔོན་རྡུལ་ཕྲན་མཁར་རྗེས་དྲན་ཁང་ནི་ས་དངོས་བརྒྱུད་སྤྲོད་བྱ་འགུལ་སྤེལ་ཡུལ་གྱི་ས་ཚིགས་སོ་ལྔ་པ་ཡིན་ལ། དེའི་དམིགས་ཡུལ་ནི་རྒྱལ་དར་བརྒྱུད་སྤྲོད་བྱ་འགུལ་བརྒྱུད། ན་ཆུང་གདོང་ལེན་རུ་མི་རྩ་འཛུགས་བྱས་ནས་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་སློབ་སྦྱོང་བྱེད་པ་དང་། དམར་པོའི་ཁྲག་རྒྱུན་རྒྱན་འཛིན་བྱས་ནས་ནུས་ཤུགས་ཡོད་རྒུས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རྒྱ་ཆེའི་ན་གཞོན་རྣམས་ཏང་ལ་དགའ་བ་དང་མེས་རྒྱལ་ལ་དགའ་བ། མི་དམངས་ལ་དགའ་བ་དང་སྤྱི་ཚོགས་རིང་ལུགས་ལ་དགའ་བའི་བརྩེ་བ་ཟབ་མོ་ཆགས་པར་སློབ་གསོ་དང་ཁྲིད་སྟོན་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རླབས་ཆེན་དམིགས་འབེན་མངོན་འགྱུར་འབྱུང་ཆེད་དུས་རྟག་ཏུ་གྲ་སྒྲིག་བྱེད་པ་དེ་ཡིན།

ལྷ་མོ་འཚོས་བསྒྱུར།