ཟླ10པའི་ཚེས9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སའེ་དབྱི་ཏི་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། ཁོས་ཐུ་ནི་ཞི་ཡཱ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བསྟུད་མར་འཁུར་བར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཐུ་ནི་ཞི་ཡཱའི་སྲོལ་རྒྱུན་མཛའ་བརྩེ་ཧ་ཅང་ཟབ། ཉེ་བའི་ལོ་འདི་འགར། ང་ཚོའི་ཐུན་མོང་གི་སྣེ་ཁྲིད་འོག རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་བརྟན་འཇགས་སྒོས་འཕེལ་རྒྱས་བྱུང་ཞིང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཐད་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་པར་མ་ཟད། སྲོལ་རྒྱུན་མཛའ་བརྩེ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། 2024ལོའི་ཟླ5པར། ཁྱེད་ཀྱིས་བདེ་ལེགས་ངང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་ཤིང་། ང་ཚོས་མཉམ་དུ་ཀྲུང་གོ་དང་ཐུ་ནི་ཞི་ཡཱའི་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་། ངས་ཀྲུང་གོ་དང་ཐུ་ནི་ཞི་ཡཱའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ། ད་ལོའི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ60འཁོར་བ་གོ་སྐབས་སུ་བརྩིས་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་མུ་མཐུད་རྒྱུན་འཛིན་ལེགས་པོ་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཐུ་ནི་ཞི་ཡཱའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཡུན་རིང་བརྟན་བརླིང་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
རིག་འཛིན་སྒྲོལ་མས་བསྒྱུར།