སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པས་ཚེས10ཉིན་གྱི་སྔ་དྲོར་ཚང་འཛོམས་གྲོས་ཚོགས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།
ལིའུ་ཅ་དབྱི་དང་། ཧྥང་ཀོང་ཧྭ། ཚའོ་ཝེ་ཞིན། ཀྲང་དབྱི་ཅུང་། ལི་ལུང་ཞི། ཏིན་རུང་ལིན། ལའེ་མེན། ཅང་ཅན་གོ། ཧུའུ་སི་ཧྲེ། ཀྲུའུ་ཧྲིན་ལིན། དབྱང་ཀྲེན་པིན། ཀྲོའུ་ཀྲུང་ཧོ། ལི་ཆུན། ཀྲང་ཧྥུ་མེན་བཅས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན14ཡིས་ཚོགས་ཆེན་ཐོག་གཏམ་བཤད།
སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཚོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་མི་དམངས་སྲིད་གྲོས་ཀྱི་མངོན་གསལ་དོད་པའི་ཀྲུང་གོའི་ཁྱད་ཆོས་དང་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་དགེ་མཚན་རྒྱས་བཤད་ཟབ་མོ་གནང་ཡོད་ལ། གྲོས་མོལ་དམངས་གཙོ་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བའི་ངོ་བོའི་ཁྱད་ཆོས་དང་ལག་ལེན་གྱི་བླང་བྱ་རྒྱས་བཤད་ཟབ་མོ་གནང་ཡོད་ཅིང་། མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་མི་དམངས་སྲིད་གྲོས་ལས་དོན་ཡག་པོར་སྒྲུབ་པའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ་དུས་རབས་གསར་པའི་སྐྱོད་ལམ་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ཏེ་དེར་གོ་བ་ཟབ་མོ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ཆ་ཚང་ཞིང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་མཐར་ཕྱིན་བྱེད་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་རྒྱུན་འཁྱོངས་བྱེད་པ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པ། གྲོས་མོལ་དམངས་གཙོ་ཁྱབ་ཆེ་ཞིང་རིམ་པ་མང་བ་དང་ལམ་ལུགས་ཅན་དུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བ། མི་སེམས་གོང་བུར་འགྲིལ་བ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་ཐད་སེམས་ཤུགས་ཡོད་རྒུ་འདོན་པ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འགན་སྒྲུབ་ལ་བརྟེན་ནས་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཞབས་འདེགས་སྔར་ལས་ལེགས་པོ་ཞུ་དགོས།
སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཚོས་གཏམ་བཤད་སྤེལ་སྐབས"རིག་གནས་ཀྱི་རང་རྟོན་དང་རང་སྟོབས་རང་འཕེལ་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཀྱི་འོད་སྟོང་གསར་པ་བསྐྲུན་པར"དམིགས་ནས་ཐབས་ཇུས་བཏོན། ཚང་མས་བསྟན་དོན། ཞི་ཅིན་ཕིང་གི་རིག་གནས་དགོངས་པར་གཏིང་ཟབ་ཏུ་སློབ་སྦྱོང་བྱེད་པ་དང་། རིག་གནས་སྒྲིག་སྲོལ་དང་ལམ་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ལས་འགན་གལ་ཆེན་ལ་དམིགས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་རིག་གནས་ཀྱི་ལས་འགན་ཏན་ཏིག་གིས་འཁུར་བ། གོང་བུར་འགྲིལ་ཤུགས་དང་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྲུན་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རྒྱ་ཁྱབ་ངང་ལག་བསྟར་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་ཆུ་ཚད་མཐོ་རུ་གཏོང་དགོས་ལ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། རིག་གནས་ལས་དོན་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བ་བཅས་བྱེད་དགོས་ཤིང་། སྨྱན་བྱད་ཡོངས་ཀྱི་བརྒྱུད་སྒྲོག་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་བསམ་བློའི་གླེང་ཕྱོགས་གཙོ་བོ་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས་པ་དང་། སློབ་གྲྭའི་བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོར་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ"ཆབ་སྲིད་བསམ་བློའི་སློབ་ཚན་ཆེན་པོ"བེད་སྤྱོད་མཁས་པོ་བྱས་ནས། དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱེད་དགོས་ལ། ཚན་རྩལ་ཁྱབ་སྤེལ་ཆེན་པོའི་བྱ་བའི་རྣམ་པ་ཆགས་པར་བྱས་ཏེ་དམངས་ཡོངས་ཀྱི་ཚན་རིག་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས། རིག་གནས་ཤུལ་བཞག་ཐོན་ཁུངས་སྲོག་ཤིང་དུ་གྱུར་པའི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭའི་དཔལ་ཡོན་གྱི་བརྒྱུད་སྒྲོག་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཇེ་དྲག་ཏུ་གཏོང་དགོས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧི་པོ་ཞང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐེ་ཧྥིན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་། ཧྲིན་ཡུའེ་ཡུའེ་།་ཝང་ཡུང་། ཀྲོའུ་ཆང་། ཧི་ཧོའུ་ཧྭ། ལེང་ཀྲེན་ཡུན། པ་ཐེར། སུའུ་ཧུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། ཁྲེན་ཝུའུ། མུའུ་ཧུང་། ཞན་ཧུའེ། ཝང་ཏུང་ཧྥིན། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲིན་བཅས་གྲོས་ཚོགས་ལ་ཞུགས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།