ཞིང་ཆེན་ཡོངས་ཀྱི་རྨ་ཙོང་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།
2024.10.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 8

ཟླ10པའི་ཚེས10ཉིན། ཞིང་ཆེན་ཡོངས་ཀྱི་རྨ་ཙོང་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏཱ་ནན་གྱིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། 

གྲོས་ཚོགས་ནས་བསྟན་དོན། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཕྱོགས་ཡོངས་ནས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། རྨ་ཙོང་རིག་གནས་ཀྱི་རིན་ཐང་དང་དོན་སྙིང་སྔོག་འདོན་ཟབ་མོ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་སྤེལ་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས། རྨ་ཙོང་རིག་གནས་དང་དེང་རབས་འཚོ་བ་གཉིས་ཀྱི་ཟུང་འབྲེལ་བྱེད་ས་ཡང་དག་པར་འཚོལ་བ་དང་། རྨ་ཙོང་རིག་གནས་ཀྱི་རིག་གཞུང་ཞིབ་འཇུག་དང་བརྗེ་རེས་ལ་ཤུགས་སྣོན་པ། ཞིབ་འཇུག་བརྗོད་གཞི་གལ་ཆེན་སྐོར་ཞིག་བཏོན་ནས། ཁྱད་ཆོས་ལྡན་པའི་རྨ་ཙོང་རིག་གནས་ཀྱི་ཚོང་རྟགས་སྐོར་ཞིག་བསྐྲུན་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། འཐབ་ཇུས་གལ་ཆེན་ཁྲོད་འདྲེས་པར་བྱེད་པ་དང་། མཚོ་སྔོན་གྱི་རིག་གནས་ལྔ་སྐྱེད་སྲིང་དང་དར་སྤེལ་བྱེད་པར་གཞིགས་ཏེ། རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་མཚོ་སྔོན་ས་མཚམས་འཛུགས་སྐྲུན་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། ཚད་གཞི་མཐོ་བའི་སྒོ་ནས་རྨ་ཙོང་རིག་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱས་ཏེ། རྨ་ཙོང་རིག་གནས་དེ་རྨ་ཆུའི་རིག་གནས་ཀྱི་མཚོ་སྔོན་ཚོང་རྟགས་སུ་འགྱུར་བར་བྱེད་དགོས། རྨ་ཙོང་ས་ཁུལ་གྱི་མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་བརྗེ་རེས་མཉམ་འདྲེས་བྱས་པའི་ལོ་རྒྱུས་དོན་དངོས་སྔོག་འདོན་དང་ཞིབ་འཇུག་ཟབ་མོ་བྱེད་པ་དང་། བརྗོད་གཞི་གསལ་བའི་རིག་གནས་སྒྱུ་རྩལ་བརྩམས་ཆོས་སྤེལ་ཞིང་། དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྣ་ཚོགས་སྤེལ་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས། རིག་དངོས་གནའ་ཤུལ་དང་གནའ་རྫས་རྟོག་ཞིབ་རྗེས་ཤུལ། གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི། སྲོལ་རྒྱུན་གྲོང་སྡེ་སོགས་ཐོན་ཁུངས་ལས་གཞི་ལེགས་སྒྲིག་བྱེད་པ་དང་། རྨ་ཙོང་རིག་གནས་ཉམས་ལེན་ཁྱམས་ར་བསྐྲུན་པ། རིག་གནས་ཡུལ་སྐོར་ལམ་ཐིག་བཟང་པོ་བཀོད་སྒྲིག་བྱས་ནས། རྨ་ཙོང་གི་གཏམ་རྒྱུད་ལེགས་པོར་བཤད་དགོས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། སྲུང་སྐྱོབ་དང་རྒྱུན་འཛིན་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ས་གནས་སོ་སོས་མཐུན་སྦྱོར་མཉམ་འགུལ་བྱེད་པ་དང་མཉམ་དུ་སྟོབས་ཤུགས་འདོན་པའི་སྲུང་སྐྱོབ་རྣམ་པ་གྲུབ་པར་བྱེད་དགོས། 

ལྷ་མོ་འཚོས་བསྒྱུར།