ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་དུ་ས་ཁང་བདག་ཁོངས་ལས་རིགས་འཕེལ་རྒྱས་ལ་རྟོག་ཞིབ་བྱས།
2024.10.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 7

ཟླ10པའི་ཚེས10ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་དུ་ས་ཁང་བདག་ཁོངས་ལས་རིགས་འཕེལ་རྒྱས་ལ་རྟོག་ཞིབ་བྱས་པར་མ་ཟད།  ཞིང་ཆེན་ཡོངས་ཀྱི་ས་ཁངས་བདག་ཁོངས་ལས་རིགས་འཕེལ་རྒྱས་དང་ཁང་བ་འགན་ལེན་རྩིས་སྤྲོད་བྱེད་པའི་བྱ་བའི་ཆེད་དོན་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་ཁང་བདག་ཁོངས་ཁྲོམ་ར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཤིང་། ས་ཁང་བདག་ཁོངས་ཀྱི་མི་དམངས་རང་བཞིན་དང་ཆབ་སྲིད་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས། དམིགས་ཡུལ་ཡོད་པའི་སྒོ་ནས་རྒྱབ་སྐྱོར་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་བྱས་པ་དང་། འཕར་ཚད་ལ་ཚོད་འཛིན་ནན་མོ་བྱེད་པ་དང་། གསོག་ཚད་ལེགས་སྒྱུར་བྱེད་པ། སྤུས་ཚད་མཐོར་འདེགས་བཏང་སྟེ། ས་ཁོངས་བདག་ཁོངས་ཁྲོམ་རའི་ཆག་འགོག་བརྟན་འཕར་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཝུའུ་ཞའོ་ཅུན་སྔ་ཕྱིར་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཆུས་ཀྲོང་ཧེ་ཧན་ལིན་ས་ཁང་བདག་ཁོངས་ལས་གཞིའི་ཁང་བ་ཕྱིར་འཚོང་ཁང་དང་། ཝན་ཁུ་མཁར་ཞིན་ཀོང་ས་ཁང་བདག་ཁོངས་ལས་གཞིའི་ལས་སྐྲུན་ཡུལ་དངོས་སུ་སོང་ནས། ལས་གཞིའི་འགན་ཁུར་མི་སྣར་ཁ་བརྡ་བྱས་ཤིང་། ཡུལ་དངོས་ནས་ས་ཁང་བདག་ཁོངས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཁང་བ་བཙོང་པ་དང་ཐོག་ཁང་ལས་སྐྲུན་འཆར་གཞི། མིག་མདུན་དུ་ལྷགས་པའི་དཀའ་གནད་བཅས་ལ་རྒྱུས་ལོན་ཞིབ་མོ་བྱས། སྲིད་ཇུས་སྣ་ཚོགས་ཀྱིས་ཕན་ནུས་ངེས་ཅན་ཐོན་བཞིན་ཡོད་ལ། ས་ཁང་བདག་ཁོངས་ཁྲོམ་ར་འཁྲུག་པོར་འགྱུར་བཞིན་ཡོད་པ་རྟོགས་སྐབས། ཁོ་རང་ཧ་ཅང་དགའ་བོ་བྱུང་ཞིང་། ཁེ་ལས་ལ་ཡིད་ཆེས་བརྟན་པོ་ཡོད་པ་དང་། སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། མགྱོགས་མྱུར་ངང་ལས་གཞི་འཛུགས་སྐྲུན་བྱེད་པ་དང་། བཟོ་སྐྲུན་གྱི་སྤུས་ཀར་ཁག་ཐེག་བྱེད་པ། ཚོང་གཉེར་བྱེད་ཚད་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ས་ཁང་བདག་ཁོངས་ཁྲོམ་ར་དར་རྒྱས་འགྲོ་བའི་འཕེལ་ཕྱོགས་བཟང་པོ་སྲ་བརྟན་དུ་གཏོང་དགོས་པའི་སྐུལ་མ་བཏང་། དེར་མ་ཟད་འབྲེལ་ཡོད་འགན་ཁུར་བློ་མཐུན་རྣམས་ཀྱིས་ཞབས་ཞུ་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་པ་དང་། ཁེ་ལས་དང་མཉམ་དུ་ཁང་བ་བཙོང་བའི་བྱ་འགུལ་སྣ་ཚོགས་སྤེལ་ནས། རྒྱབ་སྐྱོབ་སྲིད་ཇུས་སྣ་ཚོགས་ཀྱིས་ཐད་ཀར་དུ་ཚོང་བདག་དང་མང་ཚོགས་ལ་ཕན་ཐོགས་པར་བྱེད་དགོས་པའི་བཅོལ་གདམས་བྱས།

དེའི་རྗེས་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་ས་ཁང་བདག་ཁོངས་ལས་རིགས་འཕེལ་རྒྱས་དང་ཁང་བ་འགན་ལེན་རྩིས་སྤྲོད་བྱེད་པའི་བྱ་བའི་ཆེད་དོན་ཚོགས་འདུའི་སྟེང་། ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཡིད་རྟོན་དངུལ་བུན་དང་། དངུལ་རྩ། སྤྱི་གསོག་མ་དངུལ། ཁང་བ་ཉོ་བའི་ཁ་གསབ་མ་དངུལ་སོགས་རྒྱབ་སྐྱོར་སྲིད་ཇུས་བེད་སྤྱོད་བྱས་ཏེ། སྲིད་ཇུས་ཀྱི་རྩ་འཛུགས་ནུས་པ་འདོན་སྤེལ་བྱེད་པ་དང་། ཚད་ཆེ་བའི་སྒོ་ནས་སྲིད་ཇུས་ཀྱི་ཕན་ནུས་འདོན་དུ་འཇུག་དགོས། ཁང་བ་འགན་ལེན་རྩིས་སྤྲོད་བྱེད་པའི་བྱ་བ་བཟང་པོར་སྒྲུབ་པ་དང་། ལས་གཞིའི་དངུལ་བུན་གཏོང་ཚད་ཇེ་ཆེར་གཏོང་བ། ཕྱོགས་ཡོངས་ཀྱི་འགན་འཁྲི་དངོས་འབེབས་བྱེད་པ། མཉམ་སྡེབ་གཞོགས་འདེགས་ལ་ཤུགས་བསྣན་ནས། བྱ་བ་སྒྲུབ་པའི་སྟོབས་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་ཡག་པོ་བཏབ་ནས། འཐུས་ཚང་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོ་སྐོང་བ་དང་། ཕྱིར་འཚོང་ཁང་བའི་གསོག་ཚད་ཇེ་ཉུང་དུ་གཏོང་དགོས། ཡུལ་བབ་དང་མཁར་གྲོང་ལ་བསྟུན་ནས་ས་ཁང་བདག་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པ་དང་། མིར་བལྟས་ནས་ཁང་བ་གཏན་འཁེལ་བྱེད་པ་དང་ཁང་བར་བལྟས་ནས་ས་གནས་གཏན་འཁེལ་བྱེད་པ། ཁང་བར་བལྟས་ནས་རིན་གོང་གཏན་འཁེལ་བྱེད་པ་བཅས་ཀྱི་མཉམ་འགུལ་རྐྱེན་སྲོལ་བཙུགས་ཏེ། མགྱོགས་མྱུར་ངང་སློབ་གསོ་དང་སྨན་བཅོས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས། མི་དམངས་མང་ཚོགས་ཀྱི་འཚོ་བར་སྔར་ལས་སྟབས་བདེ་བཟོ་བ་དང་ཁོ་ཚོའི་སེམས་ཁམས་སྔར་ལས་ཇེ་སྐྱིད་དུ་གཏོང་དགོས།

ཝང་ཝེ་ཏུང་དང་ཧི་ལུའུ་ཁྲུན་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།