ལིས་ཆང་གིས་ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཨ་ཨར་པཱ་ཉི་སི་ལ་མཇལ་འཕྲད་གནང་།
2024.10.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

ས་གནས་དེའི་དུས་ཚོད་ཟླ10པའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཝན་ཞང་དུ་ཨེ་ཤ་ཡ་ཤར་མའི་མཉམ་ལས་ཀྱི་འགོ་ཁྲིད་པའི་མུ་འབྲེལ་གྲོས་མོལ་ལ་ཞུགས་སྐབས་ཨོ་སི་ཁྲུ་རི་ཡཱའི་ཙུང་ལི་ཨ་ཨར་པཱ་ཉི་སི་ལ་མཇལ་འཕྲད་གནང་།

ས་གནས་དེའི་དུས་ཚོད་ཟླ10ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཝན་ཞང་དུ་ཨེ་ཤ་ཡ་ཤར་མའི་མཉམ་ལས་ཀྱི་འགོ་ཁྲིད་པའི་མུ་འབྲེལ་གྲོས་མོལ་ལ་ཞུགས་སྐབས་ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཨ་ཨར་པཱ་ཉི་སི་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན། མིག་སྔར། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་འབྲེལ་བ་སྤྱིའི་ཆ་ནས་བཟང་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་ཅིང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་གྲོས་མོལ་མཉམ་ལས་བརྟན་བརླིང་སྒོས་སྤེལ་ནས། ས་གནས་དང་མི་ཆོས་བརྗེ་རེས་སྔར་ལས་ཇེ་མང་དུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡཱ་ཕྱོགས་དང་མཉམ་དུ་ཕན་ཚུན་བར་གྱི་རྒྱུས་ལོན་ཐད་སྔར་ལས་ཤུགས་སྣོན་དང་། མུ་མཐུད་དུ་ལག་རྡང་མཉམ་སྦྲེལ་དང་མཉམ་སྐྱོད་བྱས་ཏེ། སྔར་ལས་བརྟན་འཇགས་དང་སྔར་ལས་ཕུན་ཚོགས་ཀྱི་གྲུབ་འབྲས་ཡོད་པའི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བསྐྲུན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་བའི་བདེ་སྐྱིད་བསྐྲུན་པ་དང་། ས་གནས་དང་འཛམ་གླིང་གི་ཞི་བདེ་བརྟན་འཇགས་འཕེལ་རྒྱས་ཐད་བྱས་རྗེས་སྔར་ལས་མང་བོ་འཇོག་འདོད་ཡོད།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་འབྲེལ་བའི་ངོ་བོ་ནི་གཉིས་ཕན་མཉམ་རྒྱལ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡཱ་ཕྱོགས་ལ་འཕེལ་རྒྱས་ཀྱི་གོ་སྐབས་སྔར་ལས་མང་བོ་མཉམ་སྤྱོད་བྱེད་རྒྱུ་དང་། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་བརྗེ་རེས་ཐད་མུ་མཐུད་ཤུགས་སྣོན་བྱེད་པར་མ་ཟད། ཉོ་ཚོང་དངུལ་གཏོང་དང་ལྗང་མདོག་འཕེལ་རྒྱས། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ནས། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་འཕེལ་རྒྱས་ཐད་སྔར་ལས་མང་བའི་སྒུལ་ཤུགས་སྣོན་རྒྱུ་ཡིན། ཀྲུང་གོས་ཁྱོན་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱས་ཏེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་མུ་མཐུད་བསྐྲུན་པ། ཨོ་སི་ཁྲུ་ལི་ཡཱའི་ཁེ་ལས་སྔར་ལས་མང་བོས་ཀྲུང་གོར་དངུལ་གཏོང་ལས་སྤེལ་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ལ། ཨོ་སི་ཁྲུ་ལི་ཡཱས་ཀྲུང་གོའི་ཁེ་ལས་ཨོ་སི་ཁྲི་ལི་ཡཱར་བསྐྱོད་ནས་དངུལ་གཏོང་ཚོང་གཉེར་བྱེད་པར་འདྲ་མཉམ་དང་བདེ་འཇགས། མཐོང་ཆུང་མི་བྱེད་པ། སྔོན་དཔག་བྱེད་ཐུབ་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཅིག་བསྐྲུན་རྒྱུའི་རེ་བ་བཅངས་ཡོད། ཕྱོགས་གཉིས་ཀྱིས་མི་ཆོས་བརྗེ་རེས་དང་མི་སྣའི་འགྲོ་འོང་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མཛའ་བརྩེའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཞི་བདེ་དང་བརྟན་འཇགས། དར་རྒྱས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་དེ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱ་དང་། ཡང་ན་ས་གནས་དང་རྒྱལ་ཁབ་སོ་སོའི་ཐུན་མོང་ཁེ་ཕན་དང་འཚམ་པས། ཀྲུང་གོས་ཨོ་སི་ཁྲུ་ལི་ཡཱ་ཕྱོགས་དང་མཉམ་དུ་འབད་པ་བྱས་ཏེ། དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཞི་བདེ་བརྟན་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན།

ཨ་ཨར་པཱ་ཉི་སི་ཡིས་བསྟན་དོན། ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོའི་འབྲེལ་བའི་ད་ལྟའི་འཕེལ་རྒྱས་གནས་བབ་ཧ་ཅང་བརྟན་འཇགས་ཡིན་ལ། ཕྱི་འབྲེལ་དང་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་ཁ་བརྡ་ཆད་མེད་དུ་སྤེལ་བཞིན་ཡོད། ཨོ་སི་ཁྲུ་ལི་ཡཱས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་དང་རིམ་པ་ཁག་གི་ཁ་བརྡ་མཉམ་ལས་ཐད་སྔར་ལས་ཤུགས་སྣོན་བྱེད་པ་དང་། ཕན་ཚུན་བརྩི་འཇོག་གི་བསམ་པ་བཅངས་ནས་བློ་དཀར་མཐུན་སྦྱོར་བྱེད་ཅིང་། ཉོ་ཚོང་དང་། ལྗང་མདོག་འཕེལ་རྒྱས། དག་གཙང་ནུས་ཁུངས། གནམ་གཤིས་འགྱུད་ལྡོག མི་ཆོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་བཟང་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཨོ་སི་ཁྲུ་ལི་ཡཱ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་ཡོད། ཨོ་སི་ཁྲུ་ལི་ཡཱས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་ཁྱབ་ཁོངས་ནང་མཐུན་སྦྱོར་ལ་ཤུགས་སྣོན་དང་། ས་གནས་དང་འཛམ་གླིང་ཞི་བདེ། བརྟན་འཇགས་དང་དར་རྒྱས་བཅས་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།