ཟླ10པའི་ཚེས10ཉིན། དགུ་བའི་ཚེས་དགུའི་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གཏན་འཁེལ་བྱས་པའི་བཅོས་སྒྱུར་གྱི་ལས་འགན་ཞིབ་རྒྱས་སུ་གཏོང་བ། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་རང་འགུལ་ངང་ཞུགས་པ་དང་དེར་ཞབས་འདེགས་ཞུ་བ་བཅས་ལ་དམིགས་ནས། ལས་བྱེད་པ་རྒན་པ་རྣམས་ལ་གནས་བབ་སྙན་ཞུ་ཕུལ་བར་མ་ཟད་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་རྒན་པ་དང་གྲོགས་པོ་རྒན་པ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའི་པུའུ་ཀྲང་ཀྲའོ་ཡའེ་ཞ་ཡིས་སྙན་ཞུ་ཚོགས་འདུར་འགོ་འཛིན་བྱས། ཞིང་ཆེན་གྱི་འགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་། དབྱང་ཧྥིན་ཁྲུན། ཝང་ཧའེ་ཧུང་། ཁོང་ཡུང་བཅས་ཚོགས་འདུར་ཞུགས། ཞིང་ཆེན་རིམ་པའི་བློ་མཐུན་རྒན་པ་པད་མ་དང་། ཡའོ་ཞང་ཁྲིན། ཀྲང་ཡུས་ལིན། ཀུའོ་རུའུ་ཀྲའོ། ཏུའུ་ཅེ། ཁྲིན་རུའེ་ཀྲིན། ཧན་ཡུས་ཀུའེ། པའོ་དབྱི་ཀྲི། མཱ་ཀྲི་ཝེ་བཅས་དང་། དེ་མིན་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་དང་། ཏང་ཀྲི་པུའུ་ཧྲུའུ་ཅིའི་འཐུས་མི་དང་ལས་བྱེད་པ་རྒན་པའི་སྒྲོག་འགྲེལ་ཚོགས་པའི"ཁོངས་མི་བཅས་ཚོགས་འདུར་ཞུགས།
སྙན་ཞུའི་ཚོགས་འདུའི་ཐོག་ཁྲིན་ཀང་གིས་སློབ་སྦྱོང་དང་བྱ་བའི་ཁྲོད་ཀྱི་བསམ་བློ་གཏོང་ས་དང་བྱ་བ་སྒྲུབ་ཚུལ་དང་ཟུང་འབྲེལ་བྱས་ཏེ་ལས་བྱེད་པ་རྒན་པ་ཚོ་དང་མཉམ་དུ་བརྗེ་རེས་དང་གླེང་མོལ་བྱས། ཁོས་བཤད་རྒྱུར། ད་ལོའི་ཟླ6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་བསྐྱར་མཚོ་སྔོན་ལ་རྟོག་ཞིབ་གནང་ནས། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ནན་གྱིས་བསྟན་ཞིང་། བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་བསྐྱེད་པ་རྒྱུན་འཁྱོངས་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་འགྱུར་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་བླང་བྱ་གལ་ཆེན་བཏོན་པར། མཚོ་སྔོན་གྱི་འཕེལ་རྒྱས་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན། མཚོ་སྔོན་གྱི་ད་ལྟའི་གྲུབ་འབྲས་ཆེན་པོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལམ་སྟོན་མཛད་པའི་འབྲས་བུ་ཡིན་ལ། མཚོ་སྔོན་གྱིས་བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་བསྐྱེད་དེ། དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་འབྲས་བུའང་ཡིན་པས། ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་དེད་དེ་མདུན་སྐྱོད་བྱེད་པ་དང་། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་བྱས་ཏེ་ཐོན་ལས་ལྗང་མདོག་ཅན་དུ་འགྱུར་བ་དང་། མི་གྲངས་མཁར་གྲོང་ཅན་དུ་གཅིག་བསྡུས་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་གཞི་གྲངས་ཅན་དུ་འཕེལ་རྒྱས་གཏོང་བ་བཅས་ཀྱི་འཕེལ་ཕྱོགས་ཆེན་པོ་གསུམ་ཁོང་དུ་ཡང་དག་པར་ཆུད་པར་བྱས་ནས། སྔར་ལས་བློ་རྩ་བརྟན་ཞིང་རང་འགུལ་གྱི་སྒོ་ནས་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་ཞུགས་པ་དང་དེར་ཞབས་འདེགས་ཞུ་དགོས། མིག་སྔར་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པའི་བླང་བྱ་དང་བཀོད་སྒྲིག་སྣ་ཚོགས་ལྟར། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་གཞི་རྟེན་དུ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ལས་འགན་གཙོ་བོར་བརྩིས་ནས། དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་གནད་དུ་བཟུང་ནས་མི་རིགས་ཆོས་ལུགས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ། "དོ་སྙོམས་འཕེལ་རྒྱས"ལ་གཅིག་གྱུར་འཆར་འགོད་དང"ཞན་ཆ་ཁ་གསབ"བྱེད་པ་དམ་འཛིན་བྱ་གཞིར་བྱས་ནས། དམངས་འཚོའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ། "སྲུང་སྐྱོང་གཉིས"མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་པ་རྩ་བར་བྱས་ཏེ། ཏང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་བཅས་བྱས་ནས། མཚོ་སྔོན་གྱིས་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་པོ་བསུས་ཡོད་པས། ལས་བྱེད་པ་རྒན་པ་ཚུད་པའི་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
ཁྲིན་ཀང་གིས་སྙན་ཞུ་འབུལ་སྐབས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་རྒན་པས་ལས་འཁྱུར་ངལ་གསོ་བྱས་རུང་རང་མདངས་མི་ཉམས་པ་དང་། ལས་གནས་དང་ལས་བྲལ་ཡང་ཏང་དང་ཁ་མི་འབྲལ་བར་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། "རྒན་གྲས་ལྔའི"སྙིང་སྟོབས་ལག་བསྟར་བྱེད་པ་དང་རྒན་པའི་ཉམས་འགྱུར་མངོན་པར་བྱས་ནས། རྩ་ཆེའི་བསམ་པའི་རྒྱུ་ནོར་རྒྱུན་འཛིན་བྱེད་དགོས། ཁོས་ནན་གྱིས་བསྟན་དོན། རྒན་བཀུར་རྒན་གཅེས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཞིག་ཡིན་པ་དང་། ལས་བྱེད་པ་རྒན་པའི་ལས་དོན་ཡག་པོར་སྒྲུབ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཡིན། ལས་བྱེད་པ་རྒན་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ཇི་མ་ཇི་བཞིན་དུ་དོན་འཁྱོལ་ཡག་པོ་བྱས་ཏེ་ཆབ་སྲིད་ཐད་ནས་བརྩི་འཇོག་དང་། བསམ་བློའི་ཐད་ནས་ཐུགས་ཁུར། འཚོ་བའི་ཐད་ནས་གཟིགས་སྐྱོང་བཅས་བྱས་ནས། ལས་བྱེད་པ་རྒན་པར་རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་སེམས་ཁུར་བྱེད་ས་ཡོད་པ། རྒས་དུས་བྱ་བ་སྒྲུབ་རྒྱུ་ཡོད་པ་བཅས་ཀྱི་ཐད་དུ་སྔར་ལས་ལེགས་པའི་ཆ་རྐྱེན་དང་ཁོར་ཡུག་བསྐྲུན་དགོས།
ཚོགས་ཞུགས་ལས་བྱེད་པ་རྒན་པས་གནས་བབ་སྙན་ཞུར་ནན་ཏན་སྒོས་ཉན་རྗེས། སྙན་ཞུའི་བརྗོད་དོན་མངོན་གསལ་དོད་པ་དང་མཐོང་རྒྱ་ཆེ་ལ་རྒྱས་བཤད་གཏིང་ཟབ་པས། ཞིང་ཆེན་ཏང་ཨུས་ཞིང་ཆེན་གྱི་གནས་ཚུལ་དངོས་དང་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོ་ཁོང་དུ་ཡང་དག་པར་ཆུད་པ་མཚོན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་སེམས་མཚོན་ཞིང་། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་རྒན་པར་བཅངས་པའི་བརྩེ་སེམས་ཟབ་མོ་དང་ཐུགས་ཁུར་མཚོན་ཡོད་པར་འདོད། ཚང་མས་བཤད་རྒྱུར། རང་ངོས་ཀྱི་ཉམས་མྱོང་ལེགས་ཆ་དང་སྐུལ་ཁྲིད་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།