ལིས་ཆང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས27པར་ཞུགས།
2024.10.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ས་གནས་དེའི་དུས་ཚོད་ཟླ10ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ལོའོ་ཝོའོ་ཝན་ཞང་དུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས27པར་ཞུགས། འདི་ནི་ཚོགས་འདུའི་སྔོན་བླངས་པའི་མཉམ་པར་རེད།

ས་གནས་དེའི་དུས་ཚོད་ཟླ10ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ལོའོ་ཝོའོ་ཝན་ཞང་དུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས27པར་ཞུགས།

ལིས་ཆང་གིས་བསྟན་དོན། འདས་པའི་ལོ་གཅིག་ནང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་འཕེལ་རིམ་གསར་པ་ལོན་ཡོད་ཀྱང་། དུས་མཉམ་དུ་འཕེལ་རྒྱས་དེ་ད་དུང་བརྟན་འཇགས་མིན་པ་དང་། གཏན་ཁེལ་མིན་པའི་རྒྱུ་རྐྱེན་ཁ་ཤས་ཤིག་འཕྲད་ཡོད། ཨེ་ཤ་ཡའི་རྒྱལ་ཁབ་ལ་ཐུན་མོང་གི་ཁྱིམ་གཞིས་དང་། ཁེ་ཕན། གོ་སྐབས་བཅས་ལྡན་པས། ཐུན་མོང་འཚོལ་སྙེག་གི་རིན་ཐང་ཆེན་པོ་ཡོད། མ་འོངས་པར་ཁ་ཕྱོགས་ན། ཀྲུང་གོ་ཕྱོགས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་། འཇར་པན་དང་ཧན་གོ་སོགས་ཨེ་ཤ་ཡའི་རྒྱལ་ཁབ་སོ་སོ་དང་མཉམ་དུ། ཨེ་ཤ་ཡའི་འདུ་ཤེས་བརྟན་གཏོང་དང་། ཤར་ཕྱོགས་ཀྱི་བློ་གྲོས་དར་སྤེལ་གཏོང་བ། ཞི་བདེ་ལྷིང་འཇགས་དང་། ཐུན་མོང་འབྱོར་ཕྱུག སྒོ་འབྱེད་མཉམ་འདྲེས་ཀྱི་ཨེ་ཤ་ཡ་ཅིག་བསྐྲུན་པའི་ཕྱོགས་སུ་གོམ་སྟབས་བརྟན་པོ་སྤོ་འདོད་ཡོད།

ལིས་ཆང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟན་པ་ནང་བཞིན། ཨེ་ཤ་ཡ་བདེ་ན་འཛམ་གླིང་ད་གཟོད་སྔར་ལས་བདེ་སྐྱིད་ལྡན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྐྱེན་སྲོལ་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཁུལ་ཁོངས་སྒྲོམ་གཞིའི་ཁྲོད་ཀྱི་དཀྱིལ་སྙིང་གོ་གནས་ལ་རྒྱབ་སྐྱོབ་བྱེད་ཅིང་། ས་གནས་ཡུན་རིང་བདེ་ཐང་དང་བརྟན་འཇགས་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། ཨེ་ཤ་ཡ་དང་འཛམ་གླིང་ལ་སྔར་ལས་མང་བའི་གཏན་ཁེལ་རང་བཞིན་དང་དྲང་ནུས་ཀྱི་སྟོབས་ཤུགས་འབུལ་འདོད་ཡོད། གཅིག་ནི་ས་གནས་ཀྱི་ཁོར་ཡུག་ལེགས་པོ་རྒྱུན་མཐུད་སྒོས་བསྐྲུན་ཏེ། ཕན་ཚུན་བརྩི་འཇོག་དང་། ཕྱར་བ་གྲུ་འདེགས། སོ་སྲུང་རོགས་རེས་རྒྱུན་འཁྱོངས་བྱས་ནས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱི་སྤྱི་ཚོགས་རྨང་འདོད་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། གཉིས་ནི་ས་གནས་འཕེལ་རྒྱས་ཀྱི་མཉེན་ཤུགས་རྒྱུན་མཐུད་སྒོས་མཐོར་འདེགས་བཏང་སྟེ། ཁུལ་ཁོངས་ཐོན་ལས་མ་ལག་གི་བརྟན་འཇགས་རང་བཞིན་དང་འགྲན་རྩོད་ནུས་པ་ཇེ་མཐོར་གཏོང་བ་དང་། ཁུལ་ཁོངས་ཀྱི་ཁྱོན་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་སྤུས་ཚད་མཐོ་བའི་སྒོ་ནས་ལག་བསྟར་བྱེད་དགོས། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་རང་མོས་ཉོ་ཚོང་ཁུལ་གྱི་གྲོས་མོལ་མྱུར་དུ་ཡང་བསྐྱར་མགོ་རྩོམ་པར་རེ་ལྟོས་བྱས་ཡོད། གསུམ་ནི་ས་གནས་ཀྱི་གསར་གཏོད་གསོན་ཤུགས་རྒྱུན་མཐུད་སྒོས་ཆེ་རུ་བསྐྱེད་དེ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་དང་། གྲངས་ཀ། མིས་བཟོས་རིག་ནུས། ལྗང་མདོག མཁོ་སྤྲོད་ཕྲེང་འབྲེལ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ཀྱི་རྣམ་གྲངས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། མཉམ་ལས་འཕར་གཞི་གསར་པ་མྱུར་དུ་གསོ་སྐྱོང་བྱས་ནས།  དཔལ་འབྱོར་སྒྲིག་གཞི་ལེགས་སྒྱུར་དང་འཕེལ་རྒྱས་རྗེས་སྟོབས་ཇེ་དྲག་ཏུ་གཏོང་དགོས།

ཚོགས་ཞུགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་བསྟན་དོན། མིག་སྔར་འཛམ་གླིང་གི་རྙོག་འཛིང་རང་བཞིན་དང་ངེས་གཏན་མིན་པའི་རང་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ནའང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱིས་ས་གནས་བརྟན་འཇགས་སྲུང་སྐྱོང་དང་། ས་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གལ་ཆེན་འཇོག་བཞིན་ཡོད་པས། འཕེལ་རྒྱས་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་གོ་སྐབས་དང་འཕྲད་ཡོད། ཕྱོགས་སོ་སོས་མཐུན་སྒྲིལ་དམ་ཟབ་དང་། མཐུན་སྦྱོར་འགུལ་སྐྱོད་སྤེལ་ཏེ། ཕྱོགས་མང་རིང་ལུགས་དང་ཨེ་ཤ་ཡའི་ཐུན་མོང་རིན་ཐང་རྒྱུན་འཁྱོངས་བྱེད་པ། ཕྱོགས་མང་ཉོ་ཚོང་མ་ལག་སྲུང་སྐྱོང་བྱེད་པ། ཁུལ་ཁོངས་ཀྱི་ཁྱོན་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། ཉོ་ཚོང་དང་། དངུལ་གཏོང་། དངུལ་རྩ། གཞི་གྲངས་དཔལ་འབྱོར། སྤྱི་བའི་འཕྲོད་བསྟེན། མི་ཆོས། ལྗང་མདོག་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས་ཤིང་། ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་བདེ་འཇགས་བརྟན་འཇགས་དང་མཉེན་གཤིས་སྲུང་སྐྱོང་བྱེད་པ། ས་གནས་ཕན་ཚུན་འབྲེལ་མཐུད་དང་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ། ལག་རྡང་མཉམ་སྦྲེལ་གྱིས་གནམ་གཤིས་འགྱུར་ལྡོག་དང་།  འབྲུ་རིགས་དང་ནུས་ཁུངས་བདེ་འཇགས་སོགས་གོ་ལ་ཧྲིལ་བོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་ནས། ཨ་ཤེ་ཡ་དང་འཛམ་གླིང་ཞི་བདེ་དང་། བརྟན་འཇགས་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་སྔར་ལས་མང་བའི་བྱས་རྗེས་འཇོག་དགོས་པར་འདོད།

གྲོས་ཚོགས་སྟེང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་འགོ་ཁྲིད་པའི་ཁུལ་ཁོངས་མཁོ་སྤྲོད་ཕྲེང་འབྲེལ་འཕྲིན་འབྲེལ་སྐོར་གྱི་གསལ་བསྒྲགས་ལ་གྲོས་འཆམ་བྱུང་།

རིག་འཛིན་སྒྲོལ་མས་བསྒྱུར།