ཝུའུ་ཞའོ་ཅུན་གྱིས་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་བ་ཧོ་ཆི་ཅུན་སོགས་ལ་ཐུག་འཕྲད་བྱས།
2024.10.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 3

ཉེ་ལམ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་ཀྲུང་གོའི་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་པ་ཧོ་ཆི་ཅུན་སོགས་ལ་ཐུག་འཕྲད་བྱས།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཧོའུ་ཆི་ཅུན་སོགས་ལ་དགའ་བསུ་བྱས་པ་དང་། ཀྲུང་གོའི་རྡོ་སྣུམ་གྱིས་དུས་ཡུན་རིང་པོར་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོས་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་དེད་ནས་མདུན་སྐྱོད་བྱེད་བཞིན་ཡོད་པ་དང་། རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་ངེས་གནས་ཁོང་དུ་བརྟན་པོར་ཆུད་པར་བྱས་ཏེ། གལ་ཆེ་བ་དམ་འཛིན་དང་གལ་མི་ཆེ་བ་ཟུར་འཇོག་བྱེད་པ་རྒྱུན་འཁྱོངས་སྒོས་མཚོ་སྔོན་གྱི་ཁྱད་ཆོས་དང་ལེགས་ཆ་མཚོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱ་རྒྱུར་ཤུགས་སྣོན་བྱས་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བཤད།              ཀྲུང་གོའི་རྡོ་སྣུམ་ནི་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། མིང་རྟགས་བཀོད་པའི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་སྣེ་འདྲེན་དུ་བྱས་ཏེ་མཉམ་ལས་ཀྱི་དོན་ཚན་དོན་འཁྱོལ་བྱེད་པར་སྐུལ་འདེད་ཆེན་པོ་གཏོང་བ་དང་། ནུས་ཁུངས་མཁོ་འདོན་འགན་ལེན་དང་སོལ་རླངས་མཉམ་འདྲེས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ། སྔར་ལས་མང་བའི་དངུལ་གཏོང་དང་ལས་གཞི། ཐོན་ལས་བཅས་མཚོ་སྔོན་དུ་ཁྲིད་སྟོན་བྱེད་པར་རེ་བ་བཅངས་ཡོད།              ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔར་བཞིན་ཀྲུང་གོའི་རྡོ་སྣུམ་མཚོ་སྔོན་དུ་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱས་ཏེ་ཕྱོགས་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།

ཧོ་ཆི་ཅུན་གྱིས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བར་མ་ཟད། ཁེ་ལས་འཕེལ་རྒྱས་དང་མ་འོངས་པའི་འཆར་འགོད་ངོ་སྤྲོད་བྱས། ཁོས་མཚོ་སྔོན་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་ཀྲུང་དབྱང་ཁེ་ལས་ཀྱི་ནུས་པ་དང་མཚོ་སྔོན་གྱི་དགོས་མཁོ་གཞིར་བཟུང་ནས་སྣུམ་རླངས་རྩད་ཞིབ་གསར་སྤེལ་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ་དང་། ནུས་ཁུངས་གསར་པའི་ལས་སྒོ་བཀོད་སྒྲིག་ཇེ་མགྱོགས་སུ་གཏོང་བ། དམངས་འཚོའི་སྤྱོད་རླངས་འགན་ལེན་བཅས་བྱས་ནས་རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་འགན་ལེན་དང་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་འབུལ་རྒྱུ་ཡིན་ཞེས་བཤད།

ཝང་ལིན་ཧུའུ་མཉམ་དུ་ཐུག་འཕྲད་ལ་ཞུགས། །

འབྲུག་མོས་བསྒྱུར།