ཚེས11ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སའེ་ཕུའུ་ལུའུ་སིའི་གྲོས་དཔོན་ཏིས་མིས་ཐི་ལིས་ཝུའུ་དང་གྲོས་མོལ་མཛད།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས11ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་སའེ་ཕུའུ་ལུའུ་སིའི་གྲོས་དཔོན་ཏིས་མིས་ཐི་ལིས་ཝུའུ་དང་གྲོས་མོལ་མཛད།
ཀྲའོ་ལི་ཅི་ཡིས་བསྟན་དོན། 2021ལོར། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མཉམ་དུ་ཀྲུང་སའེ་འབྲེལ་བ་དེ་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་མཐོར་གཏོང་རྒྱུའི་ཐག་བཅད་པ་དང་། མཉམ་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་འབད་འཐབ་བྱས། ཀྲུང་གོས་སའེ་ཕུའུ་ལུའུ་སིའི་བར་གྱི་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་གྲོགས་པོའི་འབྲེལ་བའི་གོ་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོས་སའེ་ཕུའུ་ལུའུ་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་འཇོག་ལག་བསྟར་བྱེད་པར་བསྔགས་བརྗོད་བྱེད་ཀྱིན་ཡོད་པ་དང་། སའི་ཕུའུ་ལུའུ་སིས་ཀྲུང་གོའི་ཁེ་ཕན་གཙོ་བོ་དང་འབྲེལ་བའི་གནད་དོན་སྟེང་སྔར་བཞིན་དུ་རྒྱབ་སྐྱོར་བརྟན་པོ་བྱེད་རྒྱུའི་རེ་བ་བཅངས་ཡོད། ཀྲུང་གོས་མུ་མཐུད་དུ་སའེ་ཕུའུ་ལུའུ་སིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་ཐད་འབད་འཐབ་བྱས་པར་རྒྱབ་སྐྱོར་བརྟན་པོ་བྱེད་རྒྱུ་ཡིན། ཀྲུང་གོས་སའེ་ཕུའུ་ལུའུ་སི་དང་མཉམ་དུ། ཆབ་སྲིད་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་། སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱེད་པ། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྗེ་རེས་དཔེ་ལྟར་ཤུགས་བསྣན་ནས། མཛའ་བརྩེ་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་སའེ་འབྲེལ་བ་ནི་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་སྐུལ་འདེད་སྟོབས་ཤུགས་ཡིན་པ་དང་། སའེ་ཕུའུ་ལུའུ་སི་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་ཆེན་པོ་འཇོག་རྒྱུའི་རེ་བ་བཅངས་ཡོད།
ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་མཉམ་ལས་ནི་ཀྲུང་སའེ་འབྲེལ་བའི་གྲུབ་ཆ་གཙོ་བོ་ཡིན། སའེ་ཕུའུ་ལུའུ་སིའི་འཐུས་ཚབ་ཚོགས་པའི་ཁོངས་མིའི་ཁྲོད་སའེ་ཕུའུ་ལུའུ་སིའི་སྲིད་ཏང་གི་འགོ་ཁྲིད་མི་སྣ་གཙོ་བོ་དང་གྲོས་མིའི་འཐུས་ཚབ་འདུས་ལ། དེས་ཀྲུང་གོའི་བར་གྱི་མཉམ་ལས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་སའེ་ཕུའུ་ལུའུ་སིའི་གྲོས་ཁང་དང་ལས་རིགས་སོ་སོའི་ཐུན་མོང་གི་ལྟ་བ་མཚོན་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་སའེ་ཕུའུ་ལུའུ་སའི་གྲོས་ཁང་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཁྲིམས་འཛུགས་དང་ལྟ་སྐུལ་བྱ་བའི་ཉམས་མྱོང་མཉམ་སྤྱོད་བྱས་ནས། སྲིད་ཏང་དང་ས་གནས། མི་གཞུང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་སྐུལ་འདེད་གཏོང་འདོད་ཡོད།
ཀྲའོ་ལི་ཅི་ཡིས་ཀྲུང་གོ་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཉམས་མྱོང་ངོ་སྤྲོད་མཛད། ཁོང་གིས་བསྟན་དོན། རྒྱལ་ཁབ་རེ་རེར་རང་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་འདེམ་པའི་དབང་ཆ་ཡོད། ཀྲུང་གོས་སའེ་ཕུའུ་ལུའུ་སིའི་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ནས། དེང་རབས་ཅན་གྱི་བགྲོད་ལམ་སྟེང་མཉམ་བསྐྱོད་བྱེད་པ་དང་གྲོགས་པོ་བཟང་བོ་བྱེད་འདོད་ཡོད།
ཏིས་མིས་ཐི་ལིས་ཝུའུ་ཡིས་བཤད་རྒྱུར། སའེ་ཕུའུ་ལུའུ་སིས་ཀྲུང་གོ་གཅིག་གི་རྩ་དོན་གོང་བཀུར་ལག་བསྟར་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོའི་བར་གྱི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་དཔལ་འབྱོར་ཉོ་ཚོང་། མི་གཞུང་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། སའེ་ཕུའུ་ལུའུ་སི་དང་ཀྲུང་གོ་དང་། ཡོ་རོབ་གླིང་དང་ཀྲུང་གོ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད། སའེ་ཕུའུ་ལུའུ་སིའི་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་ཐད་ཁྲིམས་འཛུགས་ལས་ཁུངས་ཀྱི་བྱས་རྗེས་འཇོག་འདོད་ཡོད།
ཀྲིན་ཅན་པང་གྲོས་མོལ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།