ཟླ10པའི་ཚེས12ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། རྒྱལ་དོན་གལ་ཆེན་སེམས་ལ་བརྟན་པོར་འཛིན་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ཁུར་ནས། ཤན་ཤུགས་ལྡན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་དཔེ་མཚོན་གསར་སྐྲུན་བྱེད་དགོས།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་འགོ་ཁུངས་ས་ཁུལ་བསོད་ནམས་སྟོབས་རྒྱལ་སྲུང་སྐྱོབ་ས་ཚིགས་སུ། ཁྲིན་ཀང་གིས་སྲུང་སྐྱོབ་ས་ཚིགས་ཀྱི་ལས་བྱེད་མི་སྣར་འཚམས་འདྲི་བྱེད་སྐབས་བསྟན་དོན། ཚང་མའི་དུས་ཡུན་རིང་བོའི་དཀའ་སྤྱད་འབད་འཐབ་འོག ཨ་ཆེན་གངས་རྒྱབ་དེ་ཉམས་ཆག་ཐོར་ཞིག་ནས་ཡང་བསྐྱར་ལྷིང་འཇགས་མཛེས་སྡུག་ཏུ་གྱུར་བ་དང་། དེ་ནི་རང་རྒྱལ་གྱིས་སྐྱེ་ཁམས་དཔལ་ཡོན་རྒྱུན་མཐུད་ངང་འཛུགས་སྐྲུན་བྱེད་པའི་བདེན་དཔང་ཆེས་བཟང་བོ་ཡིན། ཁོས་ཚང་མས་བསོད་ནམས་སྟོབས་རྒྱལ་གྱི་ཕུགས་འདུན་རྒྱུན་འཛིན་བྱེད་པ་དང་། སྔོན་འགྱེལ་རྗེས་མཐུད་ཀྱིས་ཨ་ཆེན་གངས་རྒྱབ་སྟེ་མི་ཡུལ་གྱི་དག་ཞིང་སྲུང་སྐྱོབ་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་གཙོད་སོགས་རི་སྐྱེས་རི་དྭགས་ལ་སྲུང་སྐྱོབ་བཟང་བོ་བྱས་ནས། མི་དང་རང་བྱུང་ཁམས་མཉམ་གནས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་དཔེ་གཞི་གསར་སྐྲུན་བྱེད་རྒྱུའི་སྐུལ་མ་བཏང་།
ཡུས་ཧྲུའུ་ཁུལ་ཆུ་དམར་ལེབ་རྫོང་མུ་ཏིག་ཚ་ཆུ་གད་སྙིགས་བར་བརྒྱུད་ས་ཚིགས་སུ། ཁྲིན་ཀང་གིས་གད་སྙིགས་སྡུད་རུབ་དང་རིགས་བགོས། བརྒྱུད་སྐྱེལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད། འཚོ་བའི་ཁུལ་གྱི་ཉལ་ཁང་དང་ཟ་ཁང་། སྤྱོད་ཁང་དུ་སོང་ནས། ཁོར་ཡུག་གཙང་དག་བཟོ་བའི་འཚོ་བའི་ཆ་རྐྱེན་ལ་སེམས་ཁུར་དང་ལྟ་ཞིབ་བྱས། ཁོས་ས་དེའི་མང་ཚོགས་ཀྱི་སྟོབས་ཤུགས་ལ་སྐུལ་སློང་གཏོང་བ་དང་གད་སྙིགས་གཙང་སེལ་ཡུན་ཕན་རྐྱེན་སྲོལ་འཛུགས་པའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས་ནས་ནན་གྱིས་བསྟན་དོན། སློབ་གསོ་དྲིལ་སྒྲོག་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་དང་། ཁ་ལོ་བ་དང་གནས་སྐོར་བ། ལམ་རྒྱུད་ཀྱི་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་མཐོར་གཏོང་བར་སྣེ་ཁྲིད་བྱེད་པ། སྤྱི་ཚོགས་ལས་རིགས་སོ་སོས་མཉམ་དུ་སེམས་ཁུར་བྱེད་པ་དང་ཟབ་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་ནས། གད་སྙིགས་གཙང་སེལ་གྱི་གནད་ཆུང་སར་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་བ་བཟང་པོར་སྒྲུབ་དགོས།
གཡུ་འབྲུག་ལྷ་རྩེ་རྒྱལ་སྤྱིའི་རི་འཛེག་གྲོང་རྡལ་དང་རི་འཛེག་སྒར་ས་རུ། ཁྲིན་ཀང་གིས་འཛུགས་སྐྲུན་བཀོལ་སྤྱོད་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ས་དེའི་གནས་སྐོར་ལམ་ཐིག་འཆར་འགོད་ལ་ཉན་པ་མ་ཟད། ཡུལ་དངོས་ནས་ཞིང་ཆེན་ཕྱིའི་གནས་སྐོར་བ་དང་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་པ་དང་། ཁོ་ཚོས་གནས་སྐོར་མྱོང་ཚོར་ཕྱོགས་ཀྱི་བསམ་ཚུལ་ལ་ཉན། ཁོས་ནན་གྱིས་བསྟན་དོན། སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་བ། འཆར་འགོད་ཀྱི་སྣེ་ཁྲིད་དང་རྨང་གཞི་གཙོར་འཛིན་པ། ཚད་ལྡན་དོ་དམ་བཅས་རྒྱུན་འཁྱོངས་བྱེད་པ། སྟོབས་ཤུགས་གཅིག་བསྡུས་བྱས་ནས་གནས་སྐོར་ས་ཆ་གཙོ་བོའི་རྨང་གཞི་སྒྲིག་ཆས་གསར་སྐྲུན་དང་ཇེ་ལེགས་སུ་གཏོང་བ། སྤུས་ལེགས་གནས་སྐོར་ཐོན་ཁུངས་ཀྱི་ཕྲེང་འབྲེལ་གྲུབ་པར་བྱེད་པ། གནས་སྐོར་ཐོན་ཁུངས་ཀྱི་དགེ་མཚན་དེ་ཐོན་ལས་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་བར་སྐུལ་འདེད་བཏང་ནས། རི་གཉིས་ཀྱི་ཚུལ་བསྒྱུར་ལམ་བུ་ཇེ་ཡངས་ནས་ཇེ་ཡངས་སུ་འགྲོ་ཐུབ་པར་བྱེད་དགོས། ཁུ་ནུ་རི་མདོ་རུ། ཁྲིན་ཀང་གིས2001ལོའི་ཁུ་ནུ་རི་མདོའི་ནུབ་ཕྱོགས་ཀྱི་ཚད་རིམ་བརྒྱད་དང་གྲངས་ཆུང་གཅིག་གི་ས་ཡོམ་གནས་ཚུལ་ཐད་ཀྱི་ངོ་སྤྲོད་ལ་ཉན་རྗེས། ཁོས་ནན་གྱིས་བསྟན་དོན། ས་ཡོམ་ལྟ་ཞིབ་དབྱེ་ཞིབ་དང་སྔོན་བརྡ་ཉེན་བརྡར་ཤུགས་སྣོན་པ་དང་། གནོད་འགོག་གནོད་སྐྱོབ་ཤེས་བྱ་ཁྱབ་གདལ་དུ་གཏོང་བའི་སློབ་གསོ་རྒྱུན་མཐུད་ངང་སྤེལ་ནས། རང་བྱུང་གནོད་འཚེའི་ཉེན་ཁར་འགོག་ཟོན་དང་འགོག་རྒོལ་བྱེད་པའི་ནུས་པ་རྒྱུན་མ་ཆད་ཇེ་ཆེར་གཏོང་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་རྟོག་ཞིབ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།