ས་དེའི་དུས་ཚོད་ཟླ10པའི་ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ལའོ་ཝུའོ་ཙུང་ལིའི་བཞུགས་ཤག་ཏུ་ཙུང་ལི་སུང་སའེ་དང་གྲོས་མོལ་མཛད།
ས་དེའི་དུས་ཚོད་ཚེས12ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ལའོ་ཝུའོ་ཡི་ཙུང་ལི་སུང་སའེ་ཡིས་ཙུང་ལིའི་བཞུགས་ཤག་མདུན་ཀྱི་ཐང་ཆེན་དུ་བསྡུས་པའི་དགའ་བསུའི་མཛད་སྒོར་ཞུགས་པ་དང་། དགའ་བསུ་མཛད་སྒོའི་རྗེས་སུ། ལིས་ཆང་གིས་སུང་སའེ་དང་གྲོས་མོལ་མཛད།
ལིས་ཆང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་ཐུང་ལུན། རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འཐབ་ཇུས་བཅས་ཀྱི་མཛུབ་ཁྲིད་འོག ཀྲུང་གོ་དང་ལའོ་ཝུའོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་རྒྱུན་མ་ཆད་པར་ཇེ་ཟབ་ནས་ཇེ་ཟབ་ཏུ་སྤེལ་བཞིན་ཡོད། ཀྲུང་གོས་ནམ་ཡང་ལའོ་ཝུའོ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་དམིགས་བསལ་ཁ་ཕྱོགས་སུ་བཞག་ཡོད་པ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་མི་སྣའི་ཐུན་མོང་གི་ལྟ་བ་སྔར་ལས་ལག་བསྟར་བཟང་བོ་བྱེད་པ། ཆབ་སྲིད་ཀྱི་ཡིད་རྟོན་ཇེ་ཟབ་ཏུ་གཏོང་བ། མཐུན་སྒྲིལ་རོགས་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ལའོ་ཝུའོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་དེ་སྔར་ལས་སྲ་བརྟན་དང་སྔར་ལས་གསོན་ཤུགས་ལྡན་པ། སྔར་ལས་ཕན་འབྲས་ལྡན་པར་འཛུགས་སྐྲུན་བྱེད་འདོད་ཡོད།
ལིས་ཆང་གིས་བསྟན་དོན། ཀྲུང་གོས་ལའོ་ཝུའོ་བར་གྱི་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་མུ་མཐུད་དུ་རྒྱ་སྐྱེད་སྤུས་འདེགས་བྱེད་པར་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ལའོ་ཝུའོ་ཡི་ལྕགས་ལམ་འགྲམ་རྒྱུད་གསར་སྤེལ་དང་ས་གཅིག་བཤེར་གཉིས་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ནུས་ཁུངས་གསར་བ་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས། གཞི་གྲངས་དཔལ་འབྱོར། མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ཀྲུང་གོས་ལའོ་ཝུའོ་ཡི་སྤུས་ལེགས་ཞིང་ལས་ཐོན་རྫས་སྔར་ལས་མང་པོ་ནང་འདྲེན་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་སྨན་བཅོས་དང་སློབ་གསོ། སྨྱན་བྱད། རིག་གནས་ཡུལ་སྐོར། ས་གནས་སོགས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་དམངས་བར་གྱི་རྒྱུས་ལོན་མཛའ་མཐུན་ཇེ་ཟབ་ཏུ་གཏོང་དགོས། ཀྲུང་གོས་ལའོ་ཝུའོ་བར་གྱི་ཕྱོགས་མང་རྐྱེན་སྲོལ་གྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། མཉམ་དུ་འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་གཏོང་འདོད་ཡོད།
སུང་སའེ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོས་བླངས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོར་གདེང་འཇོག་ཚད་མཐོན་པོ་བྱས། སུང་སའེ་ཡིས་བསྟན་དོན། ལའོ་ཝུའོ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་མི་སྣའི་ཐུན་མོང་གི་ལྟ་བ་ལག་བསྟར་བྱེད་འདོད་ཡོད་པ་དང་། མཐོ་རིམ་དང་རིམ་པ་སོ་སོ། ཁྱབ་ཁོངས་སོ་སོའི་བར་གྱི་འགྲོ་འོང་དམ་ཟབ་ཏུ་གཏོང་བ། ལའོ་ཝུའོ་དང་ཀྲུང་གོའི་ལྕགས་ལམ་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཐད་ཀྱི་འཐེན་སྒུལ་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ། ཉོ་ཚོང་དང་དངུལ་གཏོང་། ཞིང་ལས། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ། མི་གཞུང་དང་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཕན་ཚུན་རྒྱབ་སྐྱོར་དང་མཉམ་དུ་འཐབ་ཇུས་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཏེ། ལའོ་ཝུའོ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ཐད་ནས་རྒྱུན་མ་ཆད་པར་སྤུས་འདེགས་ནུས་སྤེལ་བྱེད་འདོད་ཡོད།
གྲོས་མོལ་མཛད་རྗེས། ལིས་ཆང་སུང་སའེ་དང་མཉམ་དུ་མཉམ་འབྲེལ་མཉམ་མཐུད་དང་དཔལ་འབྱོར་ཉོ་ཚོང་། ནད་རིགས་ཞིབ་དཔྱད། ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་འགྲེམ་སྟོན་མཛད་སྒོར་ཞུགས།
འཚམས་འདྲིའི་སྐབས་སུ། ཕྱོགས་གཉིས་ཀྱིས་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ལའོ་ཝུའོ་མི་དམངས་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ།
རིན་ཆེན་མཚོས་བསྒྱུར།