ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་བཅའ་སྡོད་བྱ་ཡུལ་ཧི་ནེ་རུ་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་ཐོག་མར་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་བརྒྱུད་བསྒྲགས་བྱས། ལིས་ཆང་གིས་བསྟན་དོན། ད་ལོའི་ཟླ་བརྒྱད་པར་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པ་ཐུག་འཕྲད་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡའོ་ནན་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་མཛའ་མཐུན་གྱི་འབྲེལ་བ་མུ་མཐུད་དུ་འཛུགས་པ་དང་། མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་པ། མཐུན་སྒྲིལ་གཞོགས་འདེགས་དམ་ཟབ་བྱེད་པ་བཅས་ལ་བརྟེན་ནས་ཀྲུང་གོ་དང་ཡའོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་ཚད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
སུའུ་ལིན་གྱིས་ལིས་ཆང་བརྒྱུད་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས། སུའུ་ལིན་གྱིས་བསྟན་དོན། ཡའོ་ནན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་དེ་ཐོག་མཐའ་བར་གསུམ་དུ་ཡའོ་ནན་གྱི་ཕྱི་ཕྱོགས་སྲིད་ཇུས་ཀྱི་འཐབ་ཇུས་གདམ་ག་དང་ཆེས་དམིགས་བསལ་དུ་འཛིན་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་བྱེད་པ། ཀྲུང་གོ་ཕྱོགས་དང་ཁྱོན་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། ཡའོ་ནན་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཡའོ་ཀྲུང་གི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཤ་བོ་གསེར་མཚོས་བསྒྱུར།