ཟླ10པའི་ཚེས13ཉིན། ཞིང་ཆེན་སྲིད་གཞུང་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་མཚོ་སྔོན་གྱི་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མཉམ་སྐྲུན་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་དེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་བསྡུས། གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། 《མཚོ་སྔོན་གྱིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི2021ལོ་ནས2035ལོའི་འགུལ་སྐྱོད་ཇུས་གཞིའི》ལས་འགན་དོན་འཁྱོལ་བྱེད་པར་སྤྱི་འདོམས་ཀྱིས་སྐུལ་འདེད་བཏང་བ་དང་གཙོ་གནད་ལས་དོན་བཀོད་སྒྲིག་བྱས། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཅིན་ཀྲོང་ལུང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད་སྤེལ་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།
ཅིན་ཀྲོང་ལུང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པ་དེ་རྣམ་པ་གསར་བའི་བཟོ་ལས་ཅན་ལ་སྐུལ་འདེད་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། རྒྱལ་ཁབ་ཀྱི་འབྲུ་རིགས་དང་ནུས་ཁུངས་ཐོན་ཁུངས་ཀྱི་བདེ་འཇགས་སྲུང་སྐྱོང་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་འགན་སྲུང་བརྟན་པོ་བྱེད་དགོས། ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ཁུངས་འཐབ་ཇུས་ཇུས་འགོད་བྱེད་པ། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་པ། པུའུ་དང་ཞིང་ཆེན་གྱི་མཉམ་སྐྲུན་ཟབ་སྤེལ་བྱེད་པ། ཐོན་ལས་ཕྲེང་འབྲེལ་ཡོངས་ཀྱི་སྒུལ་ཤུགས་བསྐྱེད་པ། ཡུན་རིང་འབད་བརྩོན་དང་བྱེད་མཁས་སྒྲུབ་མཁས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བཅས་བྱས་ཏེ། རྒྱལ་སྤྱིའི་ཐོག་གི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གསར་སྐྲུན་གྱིས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགག་རྩའི་ལག་རྩལ་གྱི་འགག་གནད་སྒྲོལ་བའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། ཀྲུང་གོའི་ཚོད་ལྟ་བྱེད་སའི་ལས་སྟེགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ཁྱད་ཆོས་ལྡན་པའི་ཤེས་ལྡན་མི་སྣའི་མ་ལག་དང་གསར་སྐྲུན་ཚོགས་པ་གསོ་སྐྱོང་བཅས་བྱེད་དགོས། ལས་རིགས་གཙོ་བོར་དམིགས་པ་དང་། རྒྱུན་མཐུད་ངང་གསར་སྤེལ་བྱེད་པར་གཞི་ཚུགས་པ་རྒྱུན་འཁྱོངས་བྱས་ཏེ། ཅཱ་དང་ལི། མཱེ་བཅས་བརྟན་བརླིང་ངང་འཕེལ་རྒྱས་གཏོང་བ་དང་། ཁྱད་ལྡན་དང་ཁྱད་སྟོབས་ཐོན་ལས་ཀྱི་སྦྲེལ་ཐག་བསྐྲུན་པ། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་འཛུགས་སྐྲུན་བཅས་བྱེད་དགོས། འཁོར་སྐྱོད་གོང་འཕེལ་གཏོང་བར་མཐོང་ཆེན་དང་། ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཐོན་ལས་ཟུང་འབྲེལ་ཟབ་སྤེལ་བྱེད་པ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་འཆམ་མཐུན་གྱི་ལྗང་མདོག་འཕེལ་རྒྱས་མ་ལག་འཛུགས་སྐྲུན་བཅས་བྱེད་དགོས། ཁེ་ལས་ལེགས་གཉེར་དང་སྟོབས་ཆེར་གཏོང་བ་དང་། ཐོན་ཁུངས་སྡེབ་སྒྲིག་དང་ཐོན་ལས་མཉམ་ལས་ལ་སྐུལ་འདེད་གཏོང་བ། འཛམ་གླིང་གི་ཁེ་ལས་རྩེ་གྲ་འཛུགས་སྐྲུན་བྱེད་པ། ཆེད་ལས་ཅན་གྱི་དམིགས་བསལ་ཁེ་ལས་འབྲིང་ཆུང་སྔར་ལས་མང་པོ་གསོ་སྐྱོང་བཅས་བྱེད་དགོས། གཞི་གྲངས་ལ་བརྟེན་ནས་ནུས་པ་ཐོན་པར་སྐུལ་འདེད་གཏོང་བ་དང་། གཞི་གྲངས་ཅན་གྱི་ཕྱོགས་སྒྱུར་དཔེ་མཚོན་རྣམ་པ་དང་དཔེ་སྟོན་བཟོ་གྲྭ་གསོ་སྐྱོང་བྱས་ཏེ། “གཞི་གྲངས་ཅན་གྱི་ཚྭ་མཚོ”འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། སྤུས་ཚད་མུ་མཐུད་དུ་མཐོ་རུ་གཏོང་བ་དང་། ཚྭ་མཚོའི་ཐོན་ལས་ཀྱི་ཚད་གཞིའི་མ་ལག་འཛུགས་པ། ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་དང་མིང་གྲགས་ཚོང་རྟགས་ཁག་ཅིག་གཏོད་པ། ཕྱི་རྒྱལ་གྱི་ཐོན་ཁུངས་གསར་སྤེལ་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་བསྣན་ནས་ཕྱོགས་སོ་སོའི་སྲིད་ཇུས་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ཡག་པོ་བྱེད་པ་དང་། ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས།
ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་དུས་ཡུན་རིང་པོར་རོགས་རམ་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ནུས་ཤུགས་ཡོད་རྒུས་ས་གནས་ཀྱི་ཁྱད་ཆོས་དང་ཁྱད་སྟོབས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱེད་དགོས་པ་ནན་གྱིས་བསྟན་ལ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་འབེན་དངོས་སུ་བཀོད་པ་རེད། ཞིང་ཆེན་དང་པུའུ་ཡིས་རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་ནུས་པར་དམིགས་ནས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པར་ཐོབ་དཀའ་བའི་གོ་སྐབས་ཡག་པོ་འདོན་སྤྲོད་བྱས་ཤིང་། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག མཉམ་སྐྲུན་ལས་དོན་གྱི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་འགྲོ་བ་དང་། ཐོན་ལས་རྟེན་གཞིའི་འཆར་འགོད་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བྱེད་པ། མ་ལག་ཆ་ཚང་བའི་ལས་དོན་གྱི་རྣམ་པ་རིམ་བཞིན་ཆགས་པར་བྱས་ནས། ཚྭ་མཚོའི་ཐོན་ལས་ཀྱིས་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་བཟང་པོ་བསུ་བར་སྐུལ་འདེད་གཏོང་ཐུབ། མཚོ་སྔོན་གྱིས་ངེས་པར་དུ་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་། ཐོབ་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་མཐུན་སྦྱོར་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གལ་ཆེ་བ་དམ་འཛིན་དང་གལ་མི་ཆེ་བ་ཟུར་འཇོག་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཞིང་ཆེན་དང་པུའུ་ཡི་མཉམ་སྐྲུན་དགེ་མཚན་འདོན་སྤེལ་བྱེད་པ། ཕྱོགས་ཡོངས་ནས་དོན་གཉེར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། “ལས་བྱེད་པས་སྒྲུབ་དགོས་པ་དང་། རིགས་ལམ་གསལ་དགོས་པ། རང་གཅུན་ནན་དགོས་པ”བཅས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས། མཉམ་སྐྲུན་ལས་དོན་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མངག་བཅོལ་གལ་ཆེན་སྟོང་ཟད་དུ་མི་གཏོང་བ་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཐུགས་ཁུར་དང་བརྩེ་སེམས་ཆུད་ཟོས་སུ་མི་གཏོང་བ་བྱེད་དགོས། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་མཚོ་སྔོན་གྱི་ཚྭ་མཚོའི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་སྔར་ལས་རྒྱབ་སྐྱོར་ཆེན་པོ་བྱས་ཏེ། ཚན་རྩལ་གསར་སྐྲུན་དང་། ཆ་འཕྲིན་ཅན་གྱི་ནུས་རྩལ། ཐོན་ལས་ཕྲེང་འབྲེལ་སྐྱེད་སྲིང་བཅས་ཀྱི་ཐད་མཛུབ་སྟོན་བྱས་ནས་ཚྭ་མཚོའི་ཐོན་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ཆབས་ཅིག མཚོ་སྔོན་གྱིས་དག་གཙང་ནུས་ཁུངས་དང་། ལྗང་མདོག་རྩིས་ནུས་ཐོན་ལས་སོགས་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་བར་རོགས་རམ་བྱས་ནས། ཁེ་ལས་འབྲིང་ཆུང་གི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ཞིག་གཏོད་རྒྱུའི་རེ་བ་བཅངས་ཡོད།
ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱེད་སྐབས་བསྟན་དོན། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པ་ནི་རྒྱལ་ཁབ་ཀྱི་འབྲུ་རིགས་དང་ནུས་ཁུངས་ཐོན་ཁུངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་ལེན་གལ་ཆེན་ཞིག་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་དང་རྣམ་པ་གསར་བའི་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བའི་བྱེ་བྲག་གི་བྱེད་ཐབས་ཤིག་ཡིན། གཙོ་གནད་ལས་འགན་ལ་དམ་པོར་དམིགས་ཏེ་ཞན་ཆ་གསབ་པ་དང་ཉམས་ཞན་སྟོབས་ཤུགས་ཆེ་རུ་གཏོང་བ། ལས་དོན་མཐར་ཕྱིན་སྒྲུབ་པ་དང་ཡུན་རིང་འབད་བརྩོན་བཅས་བྱས་ཏེ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་གྱི་ཕན་འབྲས་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས། ཞིང་ཆེན་དང་པུའུ་ཡི་མཉམ་སྐྲུན་ལམ་སྲོལ་བེད་སྤྱོད་ཡག་པོ་བྱེད་པ་དང་། ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་གོ་རིམ་ལྡན་པའི་ངང་བཅོས་སྒྲིག་བྱེད་པ། ཁེ་ལས་ཁག་གི་གྲུབ་ཆ་གཙོ་བོ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཚན་རྩལ་གསར་སྐྲུན་གྱི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་བ། རྒྱུ་རྐྱེན་གཙོ་བོའི་འགན་ལེན་གྱི་ཕན་འབྲས་ཆེ་རུ་གཏོང་བ། ནུས་ཤུགས་ཡོད་རྒུས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་རྒྱབ་སྐྱོར་དོན་ཚན་འབྲེལ་མཐུད་དང་དོན་འཁྱོལ་བྱེད་པ། ཚྭ་མཚོའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཐབ་ཇུས་ལ་ཞབས་འདེགས་ཞུ་ཆེད་བྱས་རྗེས་ཆེན་པོ་འཇོག་དགོས།
གྲོས་ཚོགས་ཐོག འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འགན་འཁུར་བློ་མཐུན་གྱིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་དང་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་སྐོར་གྱི་སྙན་ཞུ་ཕུལ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་མ་བཅོས་རྒྱུ་ཆའི་བཟོ་ལས་སི་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཚན་རྩལ་ཐིན། མཚོ་སྔོན་ཚྭ་མཚོའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི་བཅས་ཀྱི་འགན་འཁུར་བློ་མཐུན་དང་། ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་འཐུས་མིས་གྲོས་ཚོགས་ཐོག་གཏམ་བཤད།
བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཏང་ཙུའུ་ཡི་ཁོངས་མི། པུའུ་ཀྲང་གཞོན་པ་ཝང་ཅང་ཕིང་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་སྤྱི་ཁྱབ་དཔལ་འབྱོར་མཁས་པ་ཀའོ་ཏུང་ཧྲིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། ཀྲིན་ཀྲོའུ་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཀྲའོ་ཀྲུང་ཝེ་སོགས་ཆེད་མཁས་པ་གྲོས་ཚོགས་སུ་ཞུགས། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ནུས་ཁུངས་གྲོན་ཆུང་དང་ཕྱོགས་བསྡུས་བེད་སྤྱོད་སི་དང་། ཆ་འཕྲིན་འཕྲིན་གཏོང་འཕེལ་རྒྱས་སི། ཞིང་ཆེན་དང་པུའུ་ཡི་མཉམ་སྐྲུན་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་སྡེ་ཁག་དང་དེ་མིན་འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་སུ་ཞུགས།
མཚོ་སྔོན་དུ་སྡོད་པའི་རིང་། ཅིན་ཀྲོང་ལུང་སོགས་ཀྱིས་ད་དུང་ཞིང་ཆེན་དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་བཀོད་གཏོང་ལྟེ་གནས་དང་། ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུའུ། མཚོ་སྔོན་ཚྭ་མཚོའི་ལན་ཁི་ལིས་རིགས་མ་རྐང་ཚད་ཡོད་ཀུང་སི། མཚོ་སྔོན་ཚྭ་མཚོའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིའི་ཅ་ལུད་ཡན་ལག་ཀུང་སི། མཚོ་སྔོན་ཚྭ་མཚོའི་མེ་ལས་རིགས་ཚད་ཡོད་ཀུང་སི་བཅས་སུ་སོང་ནས་རྟོག་ཞིབ་དང་བགྲོ་གླེང་བྱས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།