ལིས་ཆང་ཧི་ནེ་ལ་འབྱོར་ནས་ཡའོ་ནན་ལ་དངོས་གཞི་འཚམས་འདྲི་མཛད་འགོ་བརྩམས།
2024.10.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཡའོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་གྱིས་གདན་ཞུ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ས་དེའི་དུས་ཚོད་ཚེས12ཉིན་གྱི་ས་སྲོད་དུས་སུ་ཡའོ་ནན་ཧི་ནེ་ནེ་ཕའེ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་ནས། ཡའོ་ནན་ལ་དངོས་གཞི་འཚམས་འདྲི་མཛད་འགོ་བརྩམས།

ཡའོ་ནན་གྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་བའི་ཕེ་ཆེན་ཧྲན་དང་ཀྲུང་གོའི་ཡའོ་ནན་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཧི་ཝེ་སོགས་གནམ་གྲུ་ཐང་དུ་སོང་ནས་བསུ་མ་བྱས།

ལིས་ཆང་གིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཡའོ་ནན་གྱི་འབྲེལ་བ་བརྟན་བརླིང་ངང་གོང་འཕེལ་དུ་སོང་། ཀྲུང་གོས་ཡའོ་ནན་དང་མཉམ་དུ་ཀྲུང་ཡའོ་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ཟབ་ནས་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།

ལིས་ཆང་ཨེ་ཤ་ཡ་ཤར་རྒྱུད་མཉམ་ལས་ཀྱི་འགོ་ཁྲིད་མི་སྣའི་མུ་འབྲེལ་གྲོས་ཚོགས་ལ་ཞུགས་པར་མ་ཟད་ལའོ་ཝུའོ་ཡི་འཚམས་འདྲི་མཇུག་བསྒྲིལ་རྗེས་ཧི་ནེ་རུ་འབྱོར། ཝན་ཞང་དང་འབྲལ་སྐབས། ལའོ་ཝུའོ་ཡི་འཆར་གཞི་དངུལ་གཏོང་པུའུ་ཡི་པུའུ་ཀྲང་། ལའོ་ཝུའོ་དང་ཀྲུང་གོའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕེ.ཕིན་ཕིས་ཕཱ་དང་ཀྲུང་གོའི་ལའོ་ཝུའོ་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ཧྥང་ཧུང་། ཀྲུང་གོའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཧོའུ་ཡན་ཆི་སོགས་གནམ་གྲུ་ཐང་དུ་སོང་ནས་སྐྱེལ་མ་བྱས།

རིན་ཆེན་མཚོས་བསྒྱུར།