ལིས་ཆང་གིས་ཡའོ་ནན་གྱི་ཙུང་ལི་དང་གྲོས་མོལ་གནང་།
2024.10.15 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 9

ཟླ10པའི་ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཡའོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་དང་གྲོས་མོལ་གནང་།

ལིས་ཆང་གིས་བསྟན་དོན། ད་ལོའི་ཟླ་བརྒྱད་པར། སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་གྲོས་མོལ་གནང་སྟེ། ཀྲུང་གོ་དང་ཡའོ་ནན་འབྲེལ་བའི་འཕེལ་རྒྱས་ལ་ཇུས་གཞི་གསར་པ་བཀོད། ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཡའོ་ནན་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་།    འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ།    “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང“བར་ཁྱམས་གཉིས་དང་སྐོར་གཅིག”གི་སྒྲོམ་གཞིའི་སྦྲེལ་མཐུད་མཉམ་ལས་ཀྱི་འཆར་འགོད་དོན་འཁྱོལ་ཡག་པོ་བྱེད་པ།    ཕན་ཚུན་སྦྲེལ་མཐུད་དང་།   ཉོ་འཚོང་དངུལ་གཏོང་དང་དེ་མིན་ཡུལ་སྐོར་དང་སྨན་བཅོས།    གནོད་འགོག་གནོད་སེལ་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རང་དངུལ་བསྡོམས་རྩིས་ཀྱི་མཉམ་ལས་རྒྱ་ཆེ་རུ་གཏོང་བ།   གཞི་གྲངས་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས་སོགས་གསར་དར་ཐོན་ལས་ཀྱི་མཉམ་ལས་རྒྱ་ཆེ་རུ་གཏོང་དགོས། ཕྱོགས་གཉིས་ཀྱིས་མི་གཞུང་རིག་གནས་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་ལྷག་པར་དུ་ན་གཞོན་མི་རབས་ཚོའི་བར་གྱི་རྒྱུས་ལོན་དང་བརྩེ་བ་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཡའོ་ནན་གྱི་མཛའ་བརྩེའི་ལས་དོན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས།  ཕྱོགས་གཉིས་ཀྱིས་མཛའ་བརྩེའི་གྲོས་མོལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།    འགལ་བ་ཐག་གཅོད་ཡག་པོ་བྱེད་པ།    མཚོ་ཐོག་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས།     ཀྲུང་གོ་ཕྱོགས་ཀྱིས་ཡའོ་ནན་ཕྱོགས་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྣེ་ཁྲིད་བྱེད་དགོས།

ཧྥན་མེན་ཀྲིན་གྱིས་བསྟན་དོན། ཡའོ་ནན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་ནས་ཀྲུང་གོ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གི་གྲོས་འགོ་རབ་དང་རིམ་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན།    ཡའོ་ནན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་མི་སྣའི་ཐུན་མོང་ངོས་འཛིན་གལ་ཆེན་སྣེ་ཁྲིད་དུ་བྱས་ཏེ། མཐོ་རིམ་བར་གྱི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་།    འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ།    དངུལ་རྩ་དང་དངུལ་གཏོང་། ཞིང་ལས།    ཚན་རྩལ།    རྨང་གཞིའི་སྒྲིག་བཀོད། གཞི་གྲངས་དཔལ་འབྱོར།    ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་།    སློབ་གསོ་དང་ཡུལ་སྐོར།    ན་གཞོན་བཅས་ཀྱི་བརྗེ་རེས་གཏིང་ཟབ་ཏུ་གཏོང་འདོད་ཡོད།     ཕྱོགས་གཉིས་ཀྱིས་མཛའ་བརྩེའི་གྲོས་མོལ་བྱས་པ་བརྒྱུད་མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་འོས་འཚམ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མཚོ་ཐོག་གི་ཞི་བདེ་དང་བརྟན་བརླིང་མཉམ་དུ་སྲུང་སྐྱོང་བྱེད་དགོས།

གྲོས་མོལ་མཇུག་བསྒྲིལ་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་མཉམ་འབྲེལ་མཉམ་མཐུད་དང་། ཞིང་ལས་ཐོན་རྫས་དང་སྒོ་ཁྲལ། དངུལ་རྩ།    མི་ཤུགས་ཐོན་ཁུངས།    སྨྱན་བྱད།    སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་བརྗེ་རེས་ཀྱི་མཛད་སྒོར་ཞུགས།

ཉིན་དེར་ལིས་ཆང་གིས་ད་དུང་ཧུའུ་ཀྲི་མེན་གྱི་བང་སོར་མཇལ་བར་མ་ཟད་མེ་ཏོག་གི་ཕྲེང་བ་ཕུལ།

འཚམས་འདྲི་གནང་སྐབས། ཕྱོགས་གཉིས་ཀྱིས་མཉམ་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཡའོ་ནན་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།

ཤ་བོ་རིན་མཚོས་བསྒྱུར།