ཟླ10པའི་ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་། ནང་སོག་རང་སྐྱོང་ལྗོངས་ཏང་ཨུ། ལེའོ་ཉིང་ཞིང་ཆེན་ཏང་ཨུ། ཅི་ལིན་ཞིང་ཆེན་ཏང་ཨུ། ཧེ་ལུང་ཅང་ཞིང་ཆེན་ཏང་ཨུ་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བྱང་ཤར་དུ་ལག་བསྟར་བྱེད”ཅེས་པའི་ཆེད་དོན་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུ་ཁྲང་ཁྲུན་དུ་འཚོགས།
ཐེངས་འདིའི་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུའི་སྟེང“བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཚད་བརྒལ་གསར་པ་ཡོང་བར་བྱེད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། དུས་རབས་གསར་པའི་བྱང་ཤར་གྱི་ཞིང་ཆེན་གསུམ་དང་རང་སྐྱོང་ལྗོངས་གཅིག་གི་འཕེལ་རྒྱས་གཏམ་རྒྱུད་བརྒྱུད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་དཀྱིལ་སྙིང་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་བའི་གསོན་ཉམས་དོད་པའི་ལག་ལེན་དང་དགེ་མཚན་ལྡན་པའི་གྲུབ་འབྲས་མངོན་པར་བྱས་པ་རེད། རྒྱལ་ཁབ50ལྷག་ནས་ཡོང་བའི་སྲིད་ཏང་གི་འགོ་ཁྲིད་མི་སྣ200ལྷག་དང་། ཀྲུང་གོར་བཅའ་སྡོད་བྱས་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པ་ཁ་ཤས། ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་སོགས་ཚོགས་འདུར་ཞུགས།
ཕྱི་རྒྱལ་གྱི་ཚོགས་ཞུགས་སྐུ་མགྲོན་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། དུས་རབས་གསར་པའི་ཚུན་ལ་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་དང་ཀྲུང་གོས་འཛམ་གླིང་གི་འཕེལ་རྒྱས་ཀྱི་ཆེད་དུ་བཞག་པའི་བྱས་རྗེས་བཟང་བོར་ཚད་མཐོའི་གདེང་འཇོག་གནང་། ཁོ་ཚོས་བསྟན་དོན། ཀྲུང་གོའི་བྱང་ཤར་ས་ཁུལ་གྱི་འཕེལ་རྒྱས་ལ་བདེན་དཔང་བྱས་པ་བརྒྱུད་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ལ་བཅངས་པའི་ཡིད་ཆེས་སྔར་ལས་ཆེ་རུ་ཕྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དེ་ཀྲུང་གོར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པར་མ་ཟད། འཛམ་གླིང་གི་རྒྱལ་ཁབ་གཞན་དག་དང་ལྷག་པར་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཀྱང་དཔྱད་གཞིར་འཛིན་པའི་རིན་ཐང་གལ་ཆེན་ལྡན་ཟེར། ཕྱི་རྒྱལ་གྱི་ཚོགས་ཞུགས་སྐུ་མགྲོན་ཚོས་བསྟན་དོན། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཉམས་མྱོང་ལ་ཞིབ་འཇུག་དང་སློབ་སྦྱོང་ནན་ཏན་བྱས་ནས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་དེང་རབས་ཅན་གྱི་བགྲོད་ལམ་གཏོད་རྒྱུ་ཡིན་ཟེར།
ཤ་བོ་གསེར་མཚོས་བསྒྱུར།