ཀྲའོ་ལི་ཅི་ཡིས་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་དཔོན་ལའེ་ཨིན་སི་དང་གྲོས་མོལ་མཛད།
2024.10.15 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 9

 ཚེས14ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་དཔོན་ལའེ་ཨིན་སི་དང་གྲོས་མོལ་མཛད།

ཀྲའོ་ལི་ཅི་ཡིས་བསྟན་དོན། འདས་ཟིན་པའི་ལོ་གཉིས་ཀྱི་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ཨར་པ་ཉི་སིའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་བར་གྱི་འབྲེལ་བ་ཇེ་བཟང་དུ་སོང་སྟེ། ཕྱོགས་ཡོངས་ནས་འགྱུར་ལྡོག་བྱུང་བར་མ་ཟད་ཡང་བསྐྱར་བདེ་བླག་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བའི་ལམ་དུ་ཡག་པོར་བསྐྱོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་པ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། སྔར་ལས་གནད་སྨིན་འཐུས་ཚང་དང་།  སྔར་ལས་གྲུབ་འབྲས་ལྡན་པའི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།

ཀྲའོ་ལི་ཅི་ཡིས་བསྟན་དོན། མིག་སྔར་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་གྲོས་མོལ་གོ་རིམ་ལྡན་པའི་ངང་སླར་གསོ་དང་སྐུལ་སྤེལ་བྱེད་བཞིན་ཡོད་པ་དང་།  དངོས་སྒྲུབ་མཉམ་ལས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བརྗེ་རེས་ཀྱང་ཉིན་བཞིན་ཇེ་བཟང་དུ་འགྲོ་བཞིན་ཡོད།  འདི་ནི་ཕྱོགས་གཉིས་ཀྱིས་ཁ་ཕྱོགས་གཅིག་མཐུན་དང་ཐུན་མོང་སྒོས་འབད་བརྩོན་བྱས་པའི་འབྲས་བུ་ཡིན་པ་དང་། ཐོབ་སླ་བའི་གྲུབ་འབྲས་ཤིག་མིན་པས་གཅེས་སྤྲས་བྱེད་འོས་པ་ཞིག་རེད། ཕན་ཚུན་ལ་ངོས་འཛིན་ཡང་དག་བྱེད་རྒྱུ་དེ་ནི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་བར་གྱི་འབྲེལ་བ་འཕེལ་རྒྱས་ཡག་པོ་གཏོང་བའི་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་ཡིན། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོར་ངོས་འཛིན་ཡང་དག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་འཕེལ་རྒྱས་ལ་ལུགས་མཐུན་གྱི་ལྟ་སྟངས་ལེགས་པོ་འཛིན་པ་དང་། ཀྲུང་གོའི་ཁེ་ཕན་གཙོ་བོ་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་བྱས་ནས། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་ཆབ་སྲིད་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།   ཕྱོགས་གཉིས་ཀྱིས་ནུས་ཁུངས་གཏེར་ཁ་དང་ཞིང་ལས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་སྲ་བརྟན་ཏུ་གཏོང་བ་དང་། ལྗང་མདོག་ཚན་རྩལ་དང་ནུས་ཁུངས་གསར་པ། མིས་བཟོས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ། ཉོ་ཚོང་དངུལ་གཏོང་ཁོར་ཡུག་གི་དྲང་བདེན་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས།  ས་གནས་དང་། རིག་གནས། སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ལོ་ཆུང་གི་བརྗེ་རེས་ལ་སྐུལ་འདེད་ཆེན་པོ་གཏོང་བ། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་བར་གྱི་འབྲེལ་བའི་དམངས་འདོད་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱེད་དགོས།

ཀྲའོ་ལི་ཅི་ཡིས་བསྟན་དོན། ལོ་མང་པོའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིའི་བར་འགྲོ་འོང་ཟབ་མོ་བྱས་ཡོད། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་རྒྱུར་དམིགས་པ་དང་། ཁྲིམས་འཛུགས་སྒྲིག་གཞིའི་མཐོ་རིམ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་། ཕྱོགས་གཉིས་ཀྱི་མཛའ་མཐུན་ཚན་ཆུང་། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་གྲོས་མི་བཅས་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་བསྣན་ནས། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་དང་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་བྱ་བའི་ཉམས་མྱོང་བརྗེ་རེས་བྱེད་དགོས།

ཀྲའོ་ལི་ཅི་ཡིས་ཀྲུང་གོས་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་སོགས་འཛམ་གླིང་གི་རྒྱལ་ཁབ་གཞན་དག་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་། གོ་ལ་ཧྲིལ་པོའི་ལྗང་མདོག་རིགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ལའེ་ཨིན་སི་ཡིས་བསྟན་དོན། ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོའི་བར་གྱི་འབྲེལ་བ་ཧ་ཅང་གལ་ཆེ། བརྟན་བརླིང་དང་དགེ་མཚན་ལྡན་པའི་ཕྱོགས་གཉིས་བར་གྱི་འབྲེལ་བ་དེ་རྒྱལ་ཁབ་གཉིས་དང་ས་ཁུལ་གྱི་ཁེ་ཕན་དང་མཐུན་ཡོད། ཨོ་སི་ཁྲུ་ལི་ཡའི་གྲོས་ཁང་གི་ཀྲུང་གོར་འཚམས་འདྲི་བྱེད་པའི་འཐུས་མི་ཚོགས་པའི་ཁོངས་མི་ནི་ཨོ་སི་ཁྲུ་ལི་ཡའི་ཏང་ཁག་མི་འདྲ་བ་དང་ས་ཁུལ་མི་འདྲ་བ་ནས་ཡོང་མོད། འོན་ཀྱང་ཐུན་མོང་གི་ཆ་ཞིག་ཡོད་པ་ནི་ཚང་མས་ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོའི་བར་གྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་འགྲོ་བར་རེ་བ་བྱེད་བཞིན་ཡོད་པ་དེ་རེད།  རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་བརྟན་བརླིང་ངང་བཟང་ཕྱོགས་སུ་འཕེལ་བ་དེས་མི་རྣམས་ལ་སྐུལ་མ་ཐེབས་ཤིང་།  དཔལ་འབྱོར་ཉོ་ཚོང་དང་། ལྗང་མདོག་དཔལ་འབྱོར། ནམ་གཤིས་འགྱུར་ལྡོག མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་སྔར་ལས་སྐུལ་འདེད་གཏོང་བའི་རེ་བ་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་སྒོ་འབྱེད་རང་བཞིན་གྱི་གླེང་མོལ་བྱེད་པ་དང་། འགལ་བར་དོ་དམ་ཚོད་འཛིན་གང་ལེགས་བྱས་ན། གཉིས་ཕན་མཉམ་རྒྱལ་ཡོང་བར་ཕན།  ཨོ་སི་ཁྲུ་ལི་ཡའི་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ། ཨོ་སི་ཁྲི་ལི་ཡ་དང་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བཤེས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་འདོད་ཡོད།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།