ལིས་ཆང་གིས་ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་དང་གྲོས་མོལ་གནང་།
2024.10.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ས་དེའི་ཟླ10པའི་ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཕཱ་ཁི་སི་ཐན་གྱི་ཙུང་ལིའི་བཞུགས་ཤག་ཏུ་ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་དང་གྲོས་མོལ་གནང་།

ས་དེའི་ཟླ10པའི་ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཕཱ་ཁི་སི་ཐན་གྱི་ཙུང་ལིའི་བཞུགས་ཤག་ཏུ་ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་དང་གྲོས་མོལ་གནང་།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཕཱ་ཁི་སི་ཐན་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་ཟླ་གྲོགས་ཡིན་ལ། ཕྱོགས་གཉིས་ཀྱིས་དུས་ནམ་ཡང་ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་ལ་ཡིད་ཆེས། ཕན་ཚུན་རྒྱབ་སྐྱོར་བཅས་བྱེད་ཀྱིན་ཡོད། ད་ལོའི་ཟླ་6པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ལི་ལ་མཇལ་འཕྲད་གནང་ནས། ཀྲུང་གོ་དང་ཕཱ་ཁི་ས་ཐན་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་འཆར་འགོད་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནམ་ཡང་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་འབྲེལ་བ་དེ་རང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་གྱི་གོ་གནས་ཆེས་བཟང་པོར་བཞག་སྟེ། ཕཱ་ཁི་སི་ཐན་ཕྱོགས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབ་བྱས་ནས། འཐབ་ཇུས་མཐུན་སྦྱོར་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། དུས་རབས་གསར་པའི་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་མགྱོགས་མྱུར་སྒོས་བཙུགས་ནས། རང་སོ་སོའི་དེང་རབས་ཅན་དང་མི་རིགས་དར་སྤེལ་གྱི་བགྲོད་ལམ་མངོན་འགྱུར་བྱེད་པའི་ཁྲོད་དཔུང་བ་མཉམ་གཤིབ་དང་བརྟན་བརླིང་མདུན་སྐྱོད་བྱེད་རྒྱུ་ཡིན།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཕཱ་ཁི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱས་ནས། རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་པ་ཡིན།     ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་བསྐྲུན་རྒྱུ་ལྟེ་བར་བྱས་ཏེ། ལྕགས་ལམ་དང་གཞུང་ལམ།    གྲུ་ཁ་སོགས་ཁྱབ་ཁོངས་ཀྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་དང་།    ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་སྣོན་པ།    ཞིང་ལས་དང་གཏེར་ལས།    ཆ་འཕྲིན་ལག་རྩལ།    ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཕཱ་ཁི་སི་ཐན་བར་གྱི་མཉམ་ལས་གྲུབ་འབྲས་ཀྱིས་མི་དམངས་ལ་ཕན་པ་སྔར་ལས་ཆེ་བ་ཐོབ་ཏུ་འཇུག་དགོས། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་མུ་མཐུད་དུ་འདོན་སྤྲོད་བྱས་ནས། ཕཱ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོའི་མི་སྣ་དང་།   ལས་ཁུངས།    ལས་གཞི་བཅས་ཀྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་རྒྱུའི་རེ་བ་ཡོད།     ཀྲུང་གོ་ཕྱོགས་ཀྱིས་ཕཱ་ཁི་སི་ཐན་ཕྱོགས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ཕཱ་ཁི་སི་ཐན་ཕྱོགས་དང་མཉམ་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ནས། ཕཱ་ཁི་སི་ཐན་ཕྱོགས་ལ་འཇིགས་སྐུལ་ངོ་རྒོལ་བྱེད་པའི་ནུས་པ་ཇེ་ཆེར་གཏོང་བའི་རོགས་རམ་བྱེད་འདོད་ཡོད།    ཀྲུང་གོ་ཕྱོགས་ཀྱིས་ཕཱ་ཁི་སི་ཐན་ཕྱོགས་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ནས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་། ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་མཉམ་དུ་དར་སྤེལ་བཏང་སྟེ། ཨེ་ཤ་ཡའི་ཞི་བདེ་དང་བརྟན་བརླིང་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་ས་ཁུལ་གྱི་འཕེལ་རྒྱས་དང་དར་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།

ཞཱ་པཱ་ཙི་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་བསྡུས་པར་རྟེན་འབྲེལ་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་ཚད་མཐོའི་གདེང་འཇོག་གནང་།     ཞཱ་པཱ་ཙིས་བསྟན་དོན། ཕཱ་ཁི་ས་ཐན་དང་ཀྲུང་གོའི་བར་གྱི་མཛའ་བརྩེའི་འབྲེལ་བ་དེ་དཀའ་སྡུག་ཚད་མེད་བརྒྱུད་དེ་སྲ་ཞིང་བརྟན་པོ་ཞིག་ཏུ་གྱུར་ཡོད་པས། ཕཱ་ཁི་སི་ཐན་དང་ཀྲུང་གོའི་བར་གྱི་འབྲེལ་བ་ནི་ཕཱ་ཁི་སི་ཐན་དང་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་རྨང་རྡོ་ལྟ་བུ་ཡིན།     ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱིས་ཐའེ་ཝན་དང་བོད་ལྗོངས།   ཞིན་ཅང་།    ཞང་ཀང་བཅས་དང་འབྲེལ་བའི་ས་ཁུལ་དང་།    ལྷོ་རྒྱ་མཚོ་སོགས་ལྟེ་བའི་ཁེ་ཕན་གནད་དོན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ།   ནུས་ཤུགས་ཡོད་རྒུས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གི་གྲོས་འགོ་གསུམ་ལ་རྒྱབ་སྐྱོར་བྱས་ཏེ།    དུས་ཡུན་རིང་པོའི་ནང་ཀྲུང་གོ་ཕྱོགས་ཀྱིས་ཕཱ་ཁི་སི་ཐན་གྱི་འཕེལ་རྒྱས་ལ་རོགས་རམ་ཆེན་པོ་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཞུ། ཕཱ་ཁི་སི་ཐན་སྲིད་གཞུང་གིས་ཕཱ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་མི་སྣར་ཉེ་དུས་འཇིགས་སྐུལ་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་བར་ཡང་བསྐྱར་མྱ་ངན་ཟབ་མོ་ཞུས་པ་དང་། ནུས་ཤུགས་ཡོད་རྒུས་ཉེས་ཅན་བཟུང་བ་དང་འཇིགས་སྐུལ་ལ་ངོ་རྒོལ་བྱས་ནས། ཕཱ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་མི་སྣ་དང་།    ལས་ཁུངས། ལས་གཞི་བཅས་ཀྱི་བདེ་འཇགས་ལ་འགན་སྲུང་བྱ་རྒྱུའི་ཁས་ལེན་བྱས། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོའི་སྒྲོམ་གཞིའི་ནང་། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི་རིམ་སྤོར་རྣམ་པ་ལེགས་སྐྲུན་བྱེད་པ་དང་།    འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་ཕན་ཚུན་སྦྲེལ་མཐུད་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ།  དཔལ་འབྱོར་ཉོ་འཚོང་དང་།    དངུལ་གཏོང་། ཞིང་ལས།    ཚན་རྩལ།    གཏེར་ལས།    བསྐྱར་བཀོལ་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ།    མི་གཞུང་རིག་གནས་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ནས། དུས་རབས་གསར་པར་ཕཱ་ཁི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།

གྲོས་མོལ་མཇུག་བསྒྲིལ་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ལྷན་དུ་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་དང་།    དམངས་འཚོའི་རོགས་སྐྱོར།    ཚན་རིག་ལག་རྩལ།    རྒྱང་སྒྲོག་བརྙན་འཕྲིན།    ཞིབ་བཤེར་དང་ནད་ཡམས་ཞིབ་བཤེར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་བརྗེ་རེས་ཀྱི་མཛད་སྒོར་ཞུགས།

གྲོས་མོལ་གྱི་སྔོན་ལ། ཞཱ་པཱ་ཚིས་ལིས་ཆང་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

འཚམས་འདྲི་གནང་སྐབས། ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕཱ་ཁི་སི་ཐན་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།

ཤ་བོ་རིན་མཚོས་བསྒྱུར།