ལིས་ཆང་གིས་ཕ་ཁི་སི་ཐན་གྱི་དམག་ཕྱོགས་ཀྱི་འགོ་ཁྲིད་པར་མཇལ་འཕྲད་གནང་།
2024.10.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ས་གནས་དེ་གའི་ཟླ10པའི་ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་དབྱི་སི་ལན་པའོ་རུ་ཕ་ཁི་སི་ཐན་གྱི་ཇུས་འདོན་དམག་དཔོན་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་སཱ་ཞི་ཨར་དང་སྐམ་དམག་གི་ཇུས་འདོན་དམག་དཔོན་མུའུ་ཉི་ཨར། མཚོ་དམག་གི་ཇུས་འདོན་དམག་དཔོན་ཨཱ་ཧྲིན་ལཱ་ཧྥུའོ། མཁའ་དམག་གི་ཇུས་འདོན་དམག་དཔོན་པཱ་པོ་ཨར་བཅས་ལ་མཇལ་འཕྲད་གནང་།

ས་གནས་དེ་གའི་ཟླ10པའི་ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་དབྱི་སི་ལན་པའོ་རུ་ཕ་ཁི་སི་ཐན་གྱི་ཇུས་འདོན་དམག་དཔོན་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་སཱ་ཞི་ཨར་དང་སྐམ་དམག་གི་ཇུས་འདོན་དམག་དཔོན་མུའུ་ཉི་ཨར། མཚོ་དམག་གི་ཇུས་འདོན་དམག་དཔོན་ཨཱ་ཧྲིན་ལཱ་ཧྥུའོ། མཁའ་དམག་གི་ཇུས་འདོན་དམག་དཔོན་པཱ་པོ་ཨར་བཅས་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཕ་ཁི་སི་ཐན་བར་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རྒྱབ་སྐྱོར་བྱས་པས། རྒྱལ་སྤྱིའི་འཕོ་འགྱུར་ཆེན་མོའི་ཉམས་སད་ཐེག་ཡོད་ལ། སྐྱིད་སྡུག་མཉམ་མྱོང་དང་སོ་སྲུང་རོགས་རེས་བྱེད་པའི་སྤུན་ཟླ་བཟང་པོ་དང་གྲོགས་པོ་བཟང་པོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཕ་ཁི་སི་ཐན་གྱི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་ཁྲིད་སྟོན་འོག ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་ཕྱིན་ནས། དུས་རབས་གསར་བའི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་ཕྱོགས་སུ་གོམ་སྟབས་བརྟན་པོ་སྤོ་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། འཐབ་ཇུས་མཐུན་སྦྱོར་གཏིང་ཟབ་ཏུ་སྤེལ་ཞིང་། གཉིས་ཕན་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།

ལིས་ཆང་གིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་བློ་རྩ་བརྟན་པོས་ཕ་ཁི་སི་ཐན་ཕྱོགས་ཀྱིས་མཐུན་སྒྲིལ་དང་བརྟན་བརླིང་། དར་རྒྱས། སྟོབས་ལྡན་བཅས་ཀྱི་ཕ་ཁི་སི་ཐན་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། མུ་མཐུད་དུ་ཕ་ཁི་སི་ཐན་ཕྱོགས་ལ་རང་ནུས་གང་ཡོད་ཀྱི་རྒྱབ་སྐྱོར་དང་རོགས་རམ་འདོན་སྤྲོད་བྱས་ཏེ། ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། རྒྱལ་ཁབ་གཉིས་ཀྱི་དམག་ཕྱོགས་ཀྱིས་རྒྱུན་མཐུད་སྒོས་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་མཛའ་མཐུན་བྱ་གཞག་དང་གཉིས་ཕན་མཉམ་ལས་ཐད་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་པར་རེ་བ་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བའི་ཐད་འབད་པ་བྱས་པར་རྒྱབ་སྐྱོར་བྱེད་པ་དང་། ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་། ས་ཁུལ་དང་རྒྱལ་ཁབ་ཀྱི་འཇིགས་སྐུལ་ལ་རྒོལ་བའི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། རྒྱལ་ཁབ་གཉིས་དང་ས་ཁུལ་གྱི་ཞི་བདེ་བརྟན་བརླིང་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་གསུངས།

ཕ་ཁི་སི་ཐན་ཕྱོགས་ཀྱིས་བསྟན་དོན། ཕ་ཁི་སི་ཐན་དང་ཀྲུང་གོའི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་ནི་ཕ་ཁི་སི་ཐན་གྱི་སྤྱི་ཚོགས་ལས་རིགས་སོ་སོའི་ཚད་མཐོའི་ཐུན་མོང་གི་ངོས་འཛིན་ཡིན། ཕ་ཁི་སི་ཐན་དང་ཀྲུང་གོ་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་གཙོ་བོར་འབྲེལ་བའི་གནད་དོན་ཐད་ནས་ཐོག་མཐའ་བར་གསུམ་དུ་བློ་རྩ་བརྟན་པོས་ཕན་ཚུན་ལ་རྒྱབ་སྐྱོར་དང་ཕན་ཚུན་ལ་གཞོགས་འདེགས་བྱས་ནས། ཆབ་སྲིད་ཀྱི་ཡིད་རྟོན་ཇེ་དྲག་ཏུ་བཏང་ཡོད། ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་བྱ་གཞག་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་དང་། དགོས་ངེས་ཀྱི་བྱེད་ཐབས་ཡོད་ཚད་སྤྱད་དེ་ཕ་ཁི་སི་ཐན་དང་ཀྲུང་གོའི་ཕྱོགས་ཀྱི་མི་སྣ་དང་ལས་ཁུངས། ལས་གཞི་བཅས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་ཅིང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་དང་ཕྱོགས་མང་སྒྲོམ་གཞིའི་ནང་གི་རྒྱལ་སྲུང་ལས་དོན་བདེ་འཇགས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་གང་ལེགས་བྱས་ཏེ། ས་ཁུལ་གྱི་ཞི་བདེ་དང་། བརྟན་བརླིང། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལྷ་མོ་འཚོས་བསྒྱུར།