ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་ཚོགས་འདུ་བསྡུས།
2024.10.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

 ཟླ10པའི་ཚེས15ཉིན། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་ཚོགས་འདུ་བསྡུས་ཏེ།  ཀྲུང་དབྱང་གཞུང་སྒྲུབ་ཐིན་ལྟ་བཤེར་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གདན་དྲངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་ཟུང་འབྲེལ་བྱས་ཏེ།  《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་སྐོར་གྱི་གཏན་འབེབས་འགའ》 དོན་འཁྱོལ་བྱེད་པའི་ཟུར་ཁྲིད་སྙན་ཞུ་ཕུལ་དུ་བཅུག

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཚོགས་འདུར་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས།

ཀྲུང་དབྱང་གཞུང་སྒྲུབ་ཐིན་ལྟ་བཤེར་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ཆབ་སྲིད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་དམིགས་ཏེ། ཆབ་སྲིད་ཐད་ནས་ཁུར་པོ་ཇེ་ཡང་དུ་གཏོང་བའི་ལས་དོན་ལ་ངོས་འཛིན་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས《གཏན་འབེབས་འགའ》དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། བརྒྱུད་རིམ་ལྡན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་ཁུར་པོ་ཇེ་ཡང་དུ་གཏོང་བའི་ལས་འགན་ལ་ཕྱོགས་ཡོངས་ནས་སྟངས་འཛིན་བྱེད་པ། ལག་ལེན་ཁྲོད་བྱུང་བའི་ཉམས་མྱོང་དང་བྱེད་ཐབས་བཅས་ཕྱོགས་བཞིའི་ཐད་ནས་འགྲེལ་བཤད་གཏིང་ཟབ་བྱས་ཏེ།  ཚང་མར་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པ་དང་ནང་དོན་ཕུན་སུམ་ཚོགས་པའི་ཟུར་ཁྲིད་སྙན་ཞུ་ཐེངས་ཤིག་བྱས།

ཁྲིན་ཀང་གིས་གཏམ་བཤད་སྐབས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བར་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་བ་དང་། དེ་ཉིད་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་དང་གཞི་རིམ་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཡོད།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་མཐོ་ཚད་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བར་ངོས་འཛིན་དང་སྐུལ་འདེད་བྱེད་པ་དང་།  《གཏན་འབེབས་འགའ》ལ་ཚད་སྡུར་དཔེ་སྡུར་བྱས་ནས།   ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་རྙིང་པ་ཤུགས་ཆེན་པོས་ཡོ་བསྲང་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བར་དངོས་སུ་ཤུགས་འདོན་དགོས། གནད་དོན་གྱི་ཁྲིད་ཕྱོགས་ལ་རྩེ་གཅིག་ཏུ་དམིགས་པ་དང་། གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་བྱས་ཏེ་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་དང་། འགན་མི་འཁུར་བ་དང་བྱ་བ་མི་སྒྲུབ་པ། ནུས་པ་དང་སྤྱོད་ཚུལ་སོགས་ཐད་ཀྱི་གནད་དོན་དམ་འཛིན་མཐར་ཕྱིན་དང་། ཐེངས་མང་བཀག་ཀྱང་མི་ཁོག་པ་དང་བསམ་འཆར་ཆེ་བའི་གནད་དོན་རྙིང་པར་དམ་པོར་དམིགས་པ།  མངོན་མེད་གཞན་འགྱུར་དང་། རྣམ་པ་གསར་སྒྱུར་གྱི་མཚོན་ཚུལ་གསར་པར་དམ་པོར་དམིགས་ཏེ་གཙོ་གནད་འགག་སྒྲོལ་གྱིས་སྤྱི་ཡོངས་ནས་མཐོར་འདེགས་ཡོང་བར་སྐུལ་ཁྲིད་བྱེད་དགོས། གོང་གིས་འོག་ལ་སྣེ་ཁྲིད་དང་། རིམ་པ་གཅིག་གིས་རིམ་པ་གཅིག་ཁྲིད་དེ་སྒྲུབ་པ།  ཏང་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། ལས་དོན་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས་རང་འགུལ་ངང་ཞིབ་བཤེར་དང་། རང་སྟེང་ལ་གནས་པའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་འཚོལ་བཤེར་དང་དག་ཐེར་ཡོ་བསྲང་བྱེད་པར་སྣེ་ཁྲིད་དེ།  གོང་འོག་འབྲེལ་མཐུད་ཀྱིས་གཞི་གཅིག་ཏུ་ཡོ་བསྲང་བྱས་ནས་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཕན་འབྲས་དེ“གོང་ནས་འོག་བར”དངོས་སུ་མཚོན་ཐུབ་པར་བྱེད་དགོས།   ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱུན་རྣམ་ཡུན་ཕན་ལ་སྐུལ་འདེད་གཏོང་བ། ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་སྲ་བརྟན་དུ་གཏོང་བ་རྒྱུན་འཁྱོངས་བྱེད་པ།  གནས་ཚུལ་གསར་པར་མུ་མཐུད་དུ་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱེད་པ།  རྒྱུན་ཆད་མེད་པར་དམ་འཛིན་ལྷོད་མེད་དང་བྱས་རྗེས་ཡུན་རིང་འཇོག་པ་བཅས་བྱས་ཏེ། གཞི་རིམ་གྱི་ལས་བྱེད་པར་དུས་ཚོད་དང་སེམས་ཤུགས་སྔར་ལས་མང་པོ་བཏོན་ནས་དོན་འཁྱོལ་དམ་འཛིན་དང་ལས་དོན་དངོས་སྒྲུབ་བྱེད་དུ་འཇུག་དགོས། ནུས་ཤུགས་ཡོད་རྒུས་འགན་འཁྲི་གཟབ་ནན་དུ་གཏོང་བ་དང་། བྱ་བའི་མཉམ་ཤུགས་ཆགས་པར་བྱས་ཏེ། རིམ་པ་སོ་སོའི་ཏང་ཨུས་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བ་དེ་སྔར་ལས་མངོན་གསལ་དོད་པའི་གོ་གནས་སུ་བཞག་ནས་དམ་འཛིན་བྱེད་པ་དང་། “འགོ་ཁྲིད་པ་དང་པོས”དངོས་སུ་བཀོད་སྒྲིག་དང་། དངོས་སུ་འདྲི་རྩད། དངོས་སུ་ཐག་གཅོད་བཅས་བྱེད་པ། ཆེད་དོན་ལས་དོན་ལམ་སྲོལ་གྱི་ཁོངས་གཏོགས་སྡེ་ཁག་གིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་རང་འགུལ་ངང་མཉམ་འདྲེས་བྱེད་པ། ཕན་ཚུན་ཁ་གསབ་དང་མཐུན་སྦྱོར་དམག་འཐབ་བྱེད་པ། སྒྲིག་ཁྲིམས་ཞིབ་བཤེར་སྡེ་ཁག་གིས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། གོང་འོག་མཐུན་སྦྱོར་དང་གཡས་གཡོན་མཉམ་འགུལ་གྱི་བྱ་བའི་རྣམ་པ་ཞིག་ཆགས་པར་བྱས་ནས། ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱེད་ཐབས་སྣ་ཚོགས་ལ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།

ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་སྡེ་ཁག་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ། མཐོ་རིམ་སློབ་གྲྭ་སོ་སོ་བཅས་དང་། ཟི་ལིང་དུ་ཡོད་པའི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་དང་། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་ཏང་ཙུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།