《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།
2024.10.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ལོ10འཁོར་བའི་དུས་འདིར། ཟླ10པའི་ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས20པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།    རྒྱལ་ཁབ་ཀྱི་ཀྲུའུ་ཞི།    ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི2014ལོའི་ཟླ10པའི་ཚེས15ཉིན་གྱི《རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད》ཡང་བསྐྱར་བཀོད།

གསུང་བཤད་ལས་ནན་གྱིས་བསྟན་དོན། རིག་རྩལ་ལས་དོན་ནི་ཏང་དང་མི་དམངས་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་པ་དང་། རིག་རྩལ་འཐབ་ཕྱོགས་ནི་ཏང་དང་མི་དམངས་ཀྱི་འཐབ་ཕྱོགས་གལ་ཆེན་ཞིག་ཡིན།     རིག་རྩལ་ནི་དུས་རབས་མདུན་སྐྱོད་ཀྱི་དུང་བརྡ་ཡིན་པས།    དུས་རབས་ཤིག་གི་ཉམས་འགྱུར་མཚོན་ཐུབ་པ་དང་དུས་རབས་ཤིག་གི་དར་སྲོལ་ལ་སྣེ་ཁྲིད་བྱེད་ཐུབ།     “བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་རིག་རྩལ་གྱི་ནུས་པ་ནི་ཚབ་བྱེད་ཐབས་བྲལ་བ་ཞིག་ཡིན་པ་དང་། རིག་རྩལ་ལས་དོན་པར་མདུན་ལམ་ཆེན་པོ་ལྡན།  རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་དེ་ལྟ་བུའི་མཐོ་ཚད་ནས་རིག་རྩལ་གྱི་གནས་བབ་དང་བྱེད་ནུས་ལ་ངོས་འཛིན་བྱེད་པ་དང་།    རང་ཉིད་ཀྱི་ཕྲག་ཏུ་བབས་པའི་ལོ་རྒྱུས་ལས་འགན་དང་འགན་འཁྲིར་ངོས་འཛིན་བྱེད་པ།    མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ།    ཧུར་ཐག་གིས་དུས་རབས་ལ་ངོ་གནོང་མི་དགོས་པའི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་པོ་གསར་རྩོམ་བྱེད་པ།    ཀྲུང་གོའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཀྲུང་གོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་རྣམས་སྐྱེ་སྟོབས་ཀྱིས་ཁེངས་པའི་སྒོ་ནས་མ་འོངས་པའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་ལྕག་གཏོང་དགོས།

གསུང་བཤད་ལས་བསྟན་དོན།    ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ཀྲུང་ཧྭའི་རིག་གནས་གོང་དུ་སྤེལ་དགོས།     ངེས་པར་དུ་རིག་རྩལ་དང་རིག་རྩལ་ལས་དོན་པའི་ནུས་པ་གལ་ཆེན་ལ་ཚད་མཐོའི་མཐོང་ཆེན་དང་འདོན་སྤེལ་གང་ལེགས་བྱ་དགོས།     ལོ་རྒྱུས་དང་དོན་དངོས་ལས་ཀྲུང་ཧྭ་མི་རིགས་ལ་རིག་གནས་ཀྱི་གསར་གཏོད་ནུས་པ་ཆེན་པོ་ལྡན་པ་ར་སྤྲོད་བྱུང་ཡོད།     ལོ་རྒྱུས་ཀྱི་འགག་རྩའི་དུས་སུ་སླེབས་སྐབས། རིག་གནས་ཀྱིས་རྒྱལ་ཁབ་ཀྱི་ལས་དབང་གི་འགྱུར་ལྡོག་ཚོར་ཐུབ་པ་དང་།    དུས་རབས་ཀྱི་རླབས་རྒྱུན་གྱི་མདུན་གྲལ་དུ་ལངས་ཐུབ་པ།    དུས་རབས་ཀྱི་སྔོན་བརྡ་གཏོང་བའི་ལས་དོན་སྒྲུབ་ཐུབ་པ་བཅས་བྱས་ནས། མི་དམངས་དུང་ཕྱུར་མང་པོ་དང་རླབས་ཆེན་མེས་རྒྱལ་ལ་སྐུལ་མ་དང་འབོད་སྐུལ་གཏོང་དགོས།     བསམ་པའི་དར་ཆ་སྒྲེང་བ་དང་།    བསམ་པའི་ཀ་རྟེན་འཛུགས་པ།    བསམ་པའི་ཁྱིམ་གཞིས་སྐྲུན་པ་བཅས་ཚང་མ་རིག་རྩལ་དང་ཁ་འབྲལ་ཐབས་མེད།     རང་རྒྱལ་གྱི་རྩོམ་པ་པོ་དང་སྒྱུ་རྩལ་མཁས་ཅན་རྣམས་དུས་རབས་དར་སྲོལ་གྱི་སྔོན་ཤེས་པ་དང་།    སྔོན་སྐྱོད་པ།    སྔོན་སྤེལ་པ་བཅས་སུ་འགྱུར་བར་བྱས་ཏེ། ནང་དོན་ཟབ་པ་དང་།    ཀུན་སྤྱོད་ལྡན་པ།    རིན་ཐང་ལྡན་པ་བཅས་ཀྱི་རིག་རྩལ་བརྩམས་ཆོས་སྔར་ལས་མང་པོ་བརྩམས་ནས། མི་དམངས་ཀྱི་རླབས་ཆེན་ལག་ལེན་དང་དུས་རབས་ཀྱི་ཡར་ཐོན་བླང་བྱ་ཐོ་འགོད་བྱེད་དགོས།

གསུང་བཤད་ལས་བསྟན་དོན།    དུས་རབས་ཤིག་གི་རིག་རྩལ་གྲུབ་འབྲས་ལ་བསྡུར་ཞིབ་བྱེད་ཚེ་མཇུག་མཐར་བརྩམས་ཆོས་ལ་ལྟ་དགོས།     རིག་རྩལ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་ཆེས་རྩ་བ་ནི་ང་ཚོའི་རླབས་ཆེན་གྱི་མི་རིགས་དང་རླབས་ཆེན་གྱི་དུས་རབས་ལ་ངོ་གནོང་མི་དགོས་པའི་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་དང་ཐོན་སྐྱེད་བྱ་རྒྱུ་དེ་རེད། ངེས་པར་དུ་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་བྱ་རྒྱུ་དེ་རིག་རྩལ་ལས་དོན་གྱི་ལྟེ་བའི་རིམ་པ་གལ་ཆེན་དུ་བརྩིས་ནས། ཧུར་ཐག་གིས་དེང་རབས་ཀྲུང་གོའི་རིན་ཐང་ལྟ་བ་བརྒྱུད་སྤེལ་དང་།    ཀྲུང་ཧྭའི་རིག་གནས་ཀྱི་སྙིང་སྟོབས་མངོན་པ།    ཀྲུང་གོ་པའི་མཛེས་དཔྱོད་རེ་སྙེག་མཚོན་ཐུབ་པ།    བསམ་བློའི་རང་བཞིན་དང་སྒྱུ་རྩལ་རང་བཞིན།    ལྟད་མོའི་རང་བཞིན་བཅས་གཅིག་ཏུ་འདུས་པའི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་པོ་གསར་རྩོམ་བྱེད་དགོས།  གསར་གཏོད་ནི་རིག་རྩལ་གྱི་སྲོག་རྩ་ལྟ་བུ་ཡིན།     གསར་གཏོད་ཀྱི་སྙིང་སྟོབས་དེ་རིག་རྩལ་གསར་རྩོམ་དང་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། རིག་རྩལ་གྱི་ཐོག་མའི་གསར་རྩོམ་ནུས་པ་ཆེ་རུ་གཏོང་དགོས།     རིག་རྩལ་གསར་རྩོམ་དར་སྤེལ་གཏོང་བ་དང་རིག་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཀུན་སྤྱོད་དང་སྒྱུ་རྩལ་གཉིས་ལྡན་གྱི་རིག་རྩལ་མཁས་ཅན་འབོར་ཆེན་ཞིག་ཡོད་དགོས།     རིག་རྩལ་དཔུང་ཁག་འཛུགས་སྐྲུན་བྱ་རྒྱུ་དེ་སྔར་ལས་གལ་ཆེ་བའི་གོ་གནས་སུ་བཞག་ནས། ཧུར་ཐག་གིས་ཤུགས་རྐྱེན་ལྡན་པའི་ཁྱབ་ཁོངས་སོ་སོའི་རིག་རྩལ་སྣེ་ཁྲིད་མི་སྣ་སྐོར་ཞིག་སྐྱེད་སྲིང་བྱས་ཏེ། རིག་རྩལ་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་ཆེན་པོ་ཞིག་འཛུགས་སྐྲུན་བྱེད་དགོས།

གསུང་བཤད་ལས་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དེ་ངོ་བོའི་ཐད་ནས་བཤད་ན་མི་དམངས་ཀྱི་རིག་རྩལ་ཞིག་རེད།     རིག་རྩལ་གྱི་སྟེང་ནས་མི་དམངས་ཀྱི་བསམ་འདུན་མཚོན་པར་བྱེད་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་རྩ་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས།     དེ་ནི་ཏང་གིས་རིག་རྩལ་འཐབ་ཕྱོགས་ལ་བཏོན་པའི་གཞི་རྩའི་བླང་བྱ་ཞིག་ཡིན་ལ།    རང་རྒྱལ་གྱི་རིག་རྩལ་ལས་དོན་གྱི་མདུན་ལམ་དང་ལས་དབང་ཐག་གཅོད་པའི་འགག་རྩའང་རེད།     གཅིག་ནི་མི་དམངས་ལ་རིག་རྩལ་དགོས།     མི་དམངས་ཀྱི་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བར་ངེས་པར་དུ་རིག་གནས་འཛུགས་སྐྲུན་དམ་འཛིན་ལེགས་པོ་བྱས་ནས། སྤྱི་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་རྒྱུ་ནོར་ཇེ་མང་དུ་གཏོང་དགོས།     གཉིས་ནི་རིག་རྩལ་ལ་མི་དམངས་དགོས།   ཕུལ་བྱུང་གི་བརྩམས་ཆོས་གསར་རྩོམ་བྱེད་ཐུབ་མིན་གྱི་ཆེས་གཞི་རྩ་ནི་མི་དམངས་ཀྱི་ཆེད་དུ་རྩོམ་འབྲི་ཐུབ་མིན་དང་།    མི་དམངས་ཀྱི་ཆེད་དུ་བརྩེ་བ་དང་དུང་བ་མཚོན་ཐུབ་མིན་ལ་རག་ལས་ཡོད། གསུམ་ནི་རིག་རྩལ་གྱིས་མི་དམངས་ལ་དགའ་ཞེན་བྱེད་དགོས།     རིག་རྩལ་གསར་རྩོམ་བྱེད་ཐབས་བརྒྱ་ཕྲག་དང་སྟོང་ཕྲག་ཡོད་མོད།    འོན་ཀྱང་ཆེས་རྩ་བ་དང་།    ཆེས་འགག་རྩ།    ཆེས་བརྟན་པོ་བཅས་ཀྱི་བྱེད་ཐབས་ནི་མི་དམངས་ཁྲོད་རྐང་འཛུགས་པ་དང་འཚོ་བའི་ཁྲོད་གཞི་ཚུགས་རྒྱུ་དེ་རེད།     བརྩམས་ཆོས་ཡག་པོ་ཞིག་ནི་མི་དམངས་ཀྱི་གདེང་འཇོག་དང་།   ཆེད་མཁས་པའི་གདེང་འཇོག ཁྲོམ་རའི་ཞིབ་བཤེར་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་བརྩམས་ཆོས་ཤིག་ཡིན་དགོས་པ་དང་། སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་དགོས་པ་དང་ཆབས་ཅིག་སྤྱི་ཚོགས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཅིག་གྱུར་ཡོང་བར་བྱེད་པའི་བརྩམས་ཆོས་ཤིག་ཀྱང་ཡིན་དགོས།     རིག་རྩལ་དེ་ཁྲོམ་རའི་བྲན་གཡོག་བྱེད་མི་རུང་ལ་རྒྱུ་ནོར་ཁོ་ནོར་རྔམ་མི་རུང་།

གསུང་བཤད་ལས་བསྟན་དོན། ཀྲུང་གོའི་སྙིང་སྟོབས་ནི་སྤྱི་ཚོགས་རིང་ལུགས་རིག་གནས་སྒྱུ་རྩལ་གྱི་བླ་སྲོག་ཡིན། དུས་རབས་རེ་རེར་དུས་རབས་རེ་རེའི་སྙིང་སྟོབས་ཡོད། རིག་རྩལ་ནི་བླ་སྲོག་བསྐྲུན་པའི་ལས་རིམ་དང་རིག་རྩལ་ལས་དོན་པ་ནི་ཡིད་ཆེས་བཟོ་བཀོད་པ་ཡིན། རྒྱ་ཆེའི་རིག་རྩལ་ལས་དོན་པས་སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བའི་དར་ཆ་མཐོ་རུ་སྒྲེང་སྟེ། ཕྲག་ཏུ་བབས་པའི་འགན་འཁྲིར་ངོས་འཛིན་གང་ལེགས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་གསོན་ཉམས་ལྡན་པའི་སྒོ་ནས་རིག་རྩལ་བརྩམས་ཆོས་ཁྲོད་མངོན་པར་བྱེད་དགོས། རྒྱལ་གཅེས་རིང་ལུགས་དེ་རིག་རྩལ་བརྩམས་ཆོས་ཀྱི་གཞི་གདངས་གཙོ་བོར་བྱས་ཏེ། མི་དམངས་ཀྱིས་ཡང་དག་པའི་ལོ་རྒྱུས་ལྟ་བ་དང་མི་རིགས་ལྟ་བ། རྒྱལ་ཁབ་ལྟ་བ། རིག་གནས་ལྟ་བ་བཅས་འཛུགས་པར་སྣེ་ཁྲིད་བྱས་ནས། ཀྲུང་གོ་པའི་ལ་རྒྱ་དང་གདིང་ཤུགས་ཇེ་དྲག་ཏུ་གཏོང་དགོས། རིག་རྩལ་བརྩམས་ཆོས་བརྒྱུད་དེ་བདེན་དགེ་མཛེས་གསུམ་བརྒྱུད་སྤེལ་བྱེད་པ་དང་། དགེ་བརྩོན་ཡར་ཐོན་གྱི་རིན་ཐང་ལྟ་བ་བརྒྱུད་སྒྲོག་བྱེད་པ། མི་དམངས་ཀྱིས་ཀུན་སྤྱོད་གླེང་ཞིང་ཀུན་སྤྱོད་བརྩི་བ་དང་། ཀུན་སྤྱོད་སྲུང་བའི་འཚོ་བ་ཞིག་འཚོལ་སྙེག་བྱེད་པར་སྣེ་ཁྲིད་བྱེད་དགོས། དུས་རབས་ཀྱི་ཆ་རྐྱེན་གསར་པ་དང་ཟུང་འབྲེལ་བྱས་ཏེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ནས། ཀྲུང་གོའི་མཛེས་དཔྱོད་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱེད་དགོས།

གསུང་བཤད་ལས་བསྟན་དོན། ཏང་གིས་རིག་རྩལ་ལས་དོན་ལས་འགོ་ཁྲིད་པར་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས། ཏང་གི་འགོ་ཁྲིད་ནི་སྤྱི་ཚོགས་རིང་ལུགས་རིག་རྩལ་འཕེལ་རྒྱས་ཀྱི་རྩ་བའི་འགན་སྲུང་ཡིན་པས། ཕྱོགས་གཉིས་དམ་འཛིན་བྱེད་དགོས་ཏེ། གཅིག་ནི་རྒྱ་ཆེའི་རིག་རྩལ་ལས་དོན་པ་དང་དམ་དུ་སྦྲེལ་དགོས་ཤིང་། གཉིས་ནི་རིག་རྩལ་གྱི་ཆོས་ཉིད་ལ་བརྩི་བཀུར་དང་བརྩི་སྲུང་བྱ་རྒྱུ་དེ་ཡིན། རིག་རྩལ་དཔྱད་འཇོག་བྱ་བར་ཤུགས་སྣོན་རྒྱུར་ཚད་མཐོའི་མཐོང་ཆེན་དང་དངོས་སུ་ཤུགས་སྣོན་བྱས་ཏེ། ལོ་རྒྱུས་དང་མི་དམངས། སྒྱུ་རྩལ། མཛེས་དཔྱོད་བཅས་ཀྱི་ལྟ་བ་བཀོལ་ནས་བརྩམས་ཆོས་ལ་དཔྱད་འཇོག་དང་ཞིབ་ལྟ་བྱེད་དགོས། སྐད་ཆ་དྲང་མོར་བཤད་པ་དང་གནས་ལུགས་བརྩི་སྲུང་བྱེད་རྒྱུ་དར་སྤེལ་བཏང་ནས། རིག་རྩལ་གྱི་སྐྱོན་ཡོན་བརྗོད་པའི་རྣམ་པ་ལེགས་པོ་ཞིག་བསྐྲུན་དགོས།

ཤ་བོ་རིན་མཚོས་བསྒྱུར།