ལིས་ཆང་གིས་ཐཱ་ཅི་ཁི་སི་ཐན་གྱི་ཙུང་ལི་ལཱ་སུའུ་ཨར་ཙོ་ཏཱ་ལ་མཇལ་འཕྲད་གནང་།
2024.10.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ས་དེའི་དུས་ཚོད་ཟླ10པའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དབྱི་སི་ལན་པའོ་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སྲིད་གཞུང་གི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གསུམ་པར་ཞུགས་སྐབས། ཐཱ་ཅི་ཁི་སི་ཐན་གྱི་ཙུང་ལི་ལཱ་སུའུ་ཨར་ཙོ་ཏཱ་ལ་མཇལ་འཕྲད་གནང་།

ས་དེའི་དུས་ཚོད་ཟླ10པའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དབྱི་སི་ལན་པའོ་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སྲིད་གཞུང་གི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གསུམ་པར་ཞུགས་སྐབས། ཐཱ་ཅི་ཁི་སི་ཐན་གྱི་ཙུང་ལི་ལཱ་སུའུ་ཨར་ཙོ་ཏ་དང་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན། ད་ལོའི་ཟླ7པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐཱ་ཅི་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་ལེགས་པོ་གནང་བ་དང་།    རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་རིམ་སྤར་བྱས་ལ། རིམ་པ་མཐོ་བ་ནས་རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པ་དང་། ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་མཉམ་ལས་འཕེལ་རྒྱས་ལ་འཆར་གཞི་གསར་པ་ཞིག་བཏིང་བ་མཉམ་དུ་ཁྱབ་བསྒྲགས་གནང་། ཀྲུང་གོ་ཕྱོགས་ཀྱིས་ཐཱ་ཅི་ཁི་སི་ཐན་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་སྔར་ལས་དོན་འཁྱོལ་ཡག་པོ་བྱས་ནས། སྲོལ་རྒྱུན་གྱི་མཛའ་བརྩེ་དར་སྤེལ་གཏོང་བ་དང་།    ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ།    ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ།    ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པོ་བསྐྲུན་འདོད་ཡོད།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐཱ་ཅི་ཁི་སི་ཐན་ཕྱོགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་སྣེ་ཁྲིད་དུ་བྱེད་པ་དང་།    སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུ་གཙོ་ཐིག་ཏུ་བྱེད་པ།    ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ།   ཉོ་འཚོང་དང་དངུལ་གཏོང་། གཏེར་ལས།    ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ།    ནུས་ཁུངས་གསར་པ་དང་གཞི་གྲངས་དཔལ་འབྱོར་སོགས་གསར་དར་ཐོན་ལས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ།    ཆུ་ཚད་སྔར་ལས་མཐོ་བའི་ཕན་ཚུན་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ།    རིག་གནས་དང་སློབ་གསོ།    ཡུལ་སྐོར་སོགས་མི་གཞུང་རིག་གནས་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་འཕེལ་རྒྱས་ལ་སྒུལ་ཤུགས་སྔར་ལས་མང་བ་སྣོན་འདོད་ཡོད།     ཀྲུང་གོ་ཕྱོགས་ཀྱིས་ཐཱ་ཅི་ཁི་སི་ཐན་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་ཐེངས་དང་པོའི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་པ་དང་།    ཕྱོགས་མང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ།    འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་འགོ་དང་།    འཛམ་གླིང་བདེ་འཇགས་ཀྱི་གྲོས་འགོ འཛམ་གླིང་དཔལ་ཡོན་གྱི་གྲོས་འགོ་བཅས་མཉམ་དུ་དོན་འཁྱོལ་བྱེད་པ།    འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དར་སྤེལ་བྱེད་པ།    ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བཅས་བྱས་ནས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད།

ལཱ་སུའུ་ཨར་ཙོ་ཏཱ་ཡིས་བསྟན་དོན། ཐཱ་ཅི་ཁི་སི་ཐན་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་ཡོད་པ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་ཡོད་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད།     ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་རིང་། འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཐཱ་ཅི་ཁི་སི་ཐན་གྱི་འཕེལ་རྒྱས་ལ་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་ཐཱ་ཅི་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་ནས། ཐཱ་ཅི་ཁི་སི་ཐན་དང་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་།    རིམ་པ་སོ་སོའི་བར་གྱི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ།    “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ།    ཉོ་འཚོང་དང་དངུལ་གཏོང་། གློག་རྡུལ་ཚོང་དོན།    ནུས་ཁུངས།    བཟོ་ལས།    འགྲིམ་འགྲུལ།    ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་།    གཞི་གྲངས་དཔལ་འབྱོར་དང་ལྗང་མདོག་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། མི་གཞུང་རིག་གནས་བརྗེ་རེས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པོ་བསྐྲུན་འདོད་ཡོད།  ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་འདུ་ཤེས་དང་འཛམ་གླིང་གི་གྲོས་འགོ་ཆེན་པོ་གསུམ་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད།    ཀྲུང་གོ་ཕྱོགས་དང་མཉམ་དུ་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་གི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ས་ཁུལ་དང་འཛམ་གླིང་ཞི་བདེ། བརྟན་བརླིང་།    འཕེལ་རྒྱས་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།

ཤ་བོ་རིན་མཚོས་བསྒྱུར།