ས་གནས་དེ་གའི་ཟླ10པའི་ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཕ་ཁི་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་ཏུ་ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་དང་མཉམ་དུ་ཀྭ་ཏའར་གྱི་རྒྱལ་སྤྱིའི་གནམ་ཐང་གསར་བ་ལེགས་འགྲུབ་བྱུང་བའི་མཛད་སྒོར་ཞུགས་པའི་ཚུལ་རེད།
ས་གནས་དེ་གའི་ཟླ10པའི་ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཕ་ཁི་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་ཏུ་ཕ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་དང་མཉམ་དུ་ཀྭ་ཏའར་གྱི་རྒྱལ་སྤྱིའི་གནམ་ཐང་གསར་བ་ལེགས་འགྲུབ་བྱུང་བའི་མཛད་སྒོར་ཞུགས།
ལིས་ཆང་གིས་བསྟན་དོན། ཀྭ་ཏའར་གྱི་རྒྱལ་སྤྱིའི་གནམ་ཐང་གསར་བ་ནི་ཀྭ་ཏའར་གྱི་མཚོ་ཁུག་ནི་ས་ཁུལ་ཕན་ཚུན་སྦྲེལ་མཐུད་བྱེད་པའི་འགག་རྩའི་སྒྲིག་བཀོད་དང་། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་ཁྱམས་ར་འཛུགས་སྐྲུན་གང་ལེགས་བྱེད་པའི་མཚོན་རྟགས་གལ་ཆེན་རེད། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་ཁྱམས་ར་འཛུགས་སྐྲུན་བྱེད་འགོ་བརྩམས་པའི་ཚུན་ལ། ཕྱོགས་གཉིས་ཀྱི་ཤུགས་སྒྲིལ་རོགས་ལས་འོག་ཏུ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པས། ཕ་ཁི་སི་ཐན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་ས་ཁུལ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་བྱེད་ནུས་གལ་ཆེན་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་རྒྱུན་མཐུད་སྒོས་འབད་བརྩོན་བྱེད་ཅིང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་དང་། སྒོ་འབྱེད་ལྗང་མདོག་སྤྱོད་གཙང་། ཚད་གཞི་མཐོ་བའི་དམངས་ཚིས་ལ་ཕན་པའི་རྒྱུན་མཐུད་ཐུབ་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་ཁྱམས་ར་དེ་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་དཔེ་སྟོན་རང་བཞིན་གྱི་བཟོ་སྐྲུན་དུ་བསྒྱུར་འདོད་ཡོད་ཅེས་གསུངས།
ལིས་ཆང་གིས་བསྟན་དོན། ཀྭ་ཏའར་གྱི་རྒྱལ་སྤྱིའི་གནམ་ཐང་གསར་བ་ནི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་མཛའ་མཐུན་འབྲེལ་བའི་དཔེ་མཚོན་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕ་ཁི་སི་ཐན་ཕྱོགས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་ཁྲིད་སྟོན་འོག ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གྱུར་ཞིང་། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་མཛའ་མཐུན་འབྲེལ་བས་རྒྱལ་སྤྱིའི་འཕོ་འགྱུར་ཆེན་མོའི་ཉམས་སད་ཐེག་ཡོད་པས་མཛའ་བརྩེ་ཧ་ཅང་ཟབ། མ་འོངས་པར་ཁ་ཕྱོགས་ཚེ། ཀྲུང་གོའི་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་ལག་རྡང་སྦྲེལ་ནས་མདུན་དུ་བསྐྱོད་པ་དང་། མགྱོགས་མྱུར་ངང་དུས་རབས་གསར་བའི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།
ཞཱ་པཱ་ཙི་ཡིས་བསྟན་དོན། ཀྭ་ཏའར་རྒྱལ་སྤྱིའི་གནམ་ཐང་གསར་བའི་ལས་གཞི་ནི་ཕ་ཁི་སི་ཐན་དང་ཀྲུང་གོའི་མཛའ་བརྩེའི་མཚོན་རྟགས་ཡིན། ལས་གཞི་ལེགས་འགྲུབ་བྱུང་བས་ཀྭ་ཏའར་མཚོ་ཁུགས་ཀྱི་འགག་རྩའི་ནུས་པ་འདོན་སྤེལ་བྱས་ཏེ། ཕ་ཁི་སི་ཐན་ལ་སྔར་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་འདོན་སྤྲོད་བྱེད་རྒྱུ་རེད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་ལག་རྡང་སྦྲེལ་ནས་འབད་བརྩོན་བྱེད་པ་དང་། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་ཁྱམས་རའི་རིམ་སྤར་ཅན་གྱི་མཉམ་ལས་ལ་ཤུགས་བསྣན་ནས། ཕ་ཁི་སི་ཐན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྔར་ལས་གྲུབ་འབྲས་གཡུར་དུ་ཟ་བ་ལེན་པར་སྐུལ་འདེད་འདོད་ཡོད་ཟེར།
ལྷ་མོ་འཚོས་བསྒྱུར།