ཟླ10པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་རིམ་པ་སོ་སོའི་མི་སྣའི་མཛའ་འབྲེལ་ལྷན་ཚོགས་སྐབས་དང་པོའི་ཚོགས་མིའི་འཐུས་མིའི་ཚོགས་ཆེན་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་ཐོག་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རིམ་པ་སོ་སོའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་གཏོགས་ལས་ཁུངས་སོ་སོ་དང་། ཞིང་ཆེན་གྱི་འབྲེལ་ཡོད་མི་དམངས་ཚོགས་པ། སྤྱི་ཚོགས་ཚོགས་པ། ལས་རིགས་མཐུན་ཚོགས་བཅས་ཀྱི་ཤིས་ཚིག་སྒྲོག་འདོན་བྱས་པ་དང་། སྐབས་དང་པོའི་ལས་འཛིན་ལྷན་ཚོགས་དང་ལས་དོན་ལྟ་ཞིབ་ལྷན་ཚོགས་ཀྱི་ཁོངས་མི་བདམས་ཐོན་བྱུང་།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མཛའ་འབྲེལ་ལྷན་ཚོགས་གསར་པ་བཙུགས་པ་དེས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཀྱི་རིམ་པ་སོ་སོའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོར་བསྒྲུབ་པ་དང་། ཁོང་ཚོས་འཇོན་ཐང་མངོན་པ་དང་བྱས་རྗེས་འཇོག་པར་མཐུན་སྒྲིལ་དང་ཁྲིད་སྟོན་བྱེད་པར་ནུས་པ་གལ་ཆེན་ཐོན་སྲིད། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྲ་བརྟན་དུ་གཏོང་དགོས། རྣམ་པ་མི་འདྲ་བ་དང་བརྗོད་བྱ་གཙོ་བོ་མངོན་པར་གསལ་བའི་སློབ་སྦྱོང་དང་སློབ་གསོའི་བྱ་འགུལ་སྤེལ་བ་བརྒྱུད་དེ། ཆབ་སྲིད་ཀྱི་སྟངས་འཛིན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་ཏང་དང་སྲིད་གཞུང་དང་བློ་གཅིག་སེམས་གཅིག་དང་། ལས་རིགས་གཅིག་པ་དང་མཉམ་དུ་རྒྱ་ཆེའི་སྤྱི་ཚོགས་ཀྱི་རིམ་པ་སོ་སོའི་མི་སྣས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཇུས་ཤུགས་མཉམ་འདོན་བྱེད་པར་ཁྲིད་སྟོན་བྱེད་དགོས། དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ལས་དོན་དར་རྒྱས་གོང་འཕེལ་གཏོང་བ། དྲང་ནུས་དྲ་རྒྱའི་གླེང་ཕྱོགས་ཁོར་ཡུག་བསྐྲུན་པ། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་མཚོན་ཐབས་ནུས་ལྡན་བྱེད་པ་བཅས་ཀྱི་ཁྲོད་ཁག་ཁུར་དང་བྱས་རྗེས་བཞག་སྟེ། མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་དགོས། རང་ངོས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། རྩ་འཛུགས་ཀྱི་གོང་བུར་འགྲིལ་ཤུགས་དང་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་དང་ཁོངས་མིར་ཞབས་འདེགས་སྔར་ལས་ལེགས་པོ་ཞུ་ཐུབ་པར་འགན་ལེན་བྱེད་དགོས། ཁོངས་གཏོགས་ལས་ཁུངས་སོ་སོས་འགན་ནུས་ལ་གཞི་ཚུགས་ནས་ཞིབ་འཇུག་བཀོད་སྒྲིག་དང་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ཏེ། གནད་སྨིན་ཅན་དང་རང་གཤིས་ཅན་གྱི་སྲིད་ཇུས་ཀྱི་ཞབས་ཞུའི་ཐོག་ནས་བྱ་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས། ས་ཁུལ་སོ་སོའི་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཞིང་ཆེན་རིམ་པའི་མཛའ་འབྲེལ་ལྷན་ཚོགས་གསར་པ་འཛུགས་པ་གོ་སྐབས་སུ་བྱས་ཏེ། རིམ་པ་རང་གི་མཛའ་འབྲེལ་ལྷན་ཚོགས་གསར་པ་འཛུགས་པའི་གྲ་སྒྲིག་ལས་དོན་དམ་འཛིན་ཏན་ཏིག་བྱེད་པ་དང་། རྫོང(གྲོང་ཁྱེར)རིམ་པའི་མཛའ་འབྲེལ་ལྷན་ཚོགས་གསར་པ་འཛུགས་པའི་ལས་དོན་ལ་མཛུབ་སྟོན་དང་སྐུལ་འདེད་གཏོང་དགོས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།