ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་གཞུང་ལས་ཁང་གི་ཀྲུའུ་རིན་ཝང་དབྱི་ཡིས་པེ་ཅིན་ནས་པཱ་ཞིའི་ཙུང་ཐུང་བཞུགས་ཤག་གི་དབུ་བཞུགས་པུའུ་ཀྲང་ཁོ་སི་ཐཱ་ཡིས་སྣེ་ཁྲིད་པའི་མཐོ་རིམ་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས།
ཝང་དབྱི་ཡིས་བསྟན་དོན། གནས་བབ་གསར་པའི་འོག ཀྲུང་གོ་དང་པ་ཞི་ཡིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་སྤེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཡུན་རིང་དང་རྩ་བའི་ཁེ་ཕན་དང་མཐུན་ལ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཐད་ལའང་མིག་དཔེ་སྟོན་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་པཱ་ཞི་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་པཱ་ཞི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བ་གོ་སྐབས་སུ་བཟུང་སྟེ། མཐོ་རིམ་འགྲོ་འོང་ཇེ་ཟབ་དང་། ཁྱབ་ཁོངས་སོ་སོའི་དོན་གཉེར་མཉམ་ལས་ཟབ་སྤེལ། འཐབ་ཇུས་མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས། ལག་གདང་སྦྲེལ་ནས་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བཅས་བྱེད་འདོད་ཡོད།
ཁོ་སི་ཐཱ་སོགས་ཀྱིས་བསྟན་དོན། ཕྱི་འབྲེལ་གཙོ་བདག་གིས་སྣེ་ཁྲིད་བྱས་ཏེ་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པར་སྐུལ་འདེད་དང་། པཱ་ཞི་དང་ཀྲུང་གོའི་བར་གྱི་འབྲེལ་བའི་འཐབ་ཇུས་རང་བཞིན་མཐོར་འདེགས་གཏོང་འདོད་ཡོད།
ཕྱོགས་གཉིས་ཀྱིས་ད་རུང་གོ་ལ་ཧྲིལ་བོའི་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།