ལིས་ཆང་ཀྲུང་གོ་དང་ཨུ་རུ་སི། མོང་གོལ་བཅས་རྒྱལ་ཁབ་གསུམ་གྱི་ཙུང་ལིའི་མཇལ་འཕྲད་ལ་ཞུགས།
2024.10.18 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 21

ས་གནས་དེ་གའི་དུས་ཚོད་ཚེས16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དབྱི་སི་ལན་པའོ་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་སྲིད་གཞུང་གི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གསུམ་པར་ཞུགས་སྐབས། ཨུ་རུ་སིའི་ཙུང་ལི་སྨི་ཧྲུའུ་སི་ཅིང་དང་། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨི་ཨར་ཏིན་གཉིས་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སི། མོང་གོལ་བཅས་རྒྱལ་ཁབ་ཀྱི་ཙུང་ལིའི་མཇལ་འཕྲད་བྱ་འགུལ་ལ་ཞུགས།

ལིས་ཆང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གསུམ་གྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག་ཀྲུང་གོ་དང་ཨུ་རུ་སི། མོང་གོལ་བཅས་ཕྱོགས་གསུམ་གྱི་མཉམ་ལས་སྤྱིའི་ཆ་ནས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་དང་མོང་གོལ་རྒྱལ་ཁབ་གཉིས་དང་མཉམ་དུ་རྒྱལ་ཁབ་གསུམ་གྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་དེ་རྩ་བའི་གཞི་འཛིན་སར་བྱས་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་ནོར་བ་མེད་པར་དམ་འཛིན་བྱེད་པ་དང་། ཕྱོགས་གསུམ་མཉམ་ལས་ཀྱི་དུས་འབྲིང་ལམ་ཐིག་རི་མོ་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་པ། ཀྲུང་གོ་དང་མོང་གོལ། ཨུ་རུ་སི་བཅས་ཀྱི་དཔལ་འབྱོར་བར་ཁྱམས་སོགས་གཙོ་གནད་མཉམ་ལས་ལ་དམིགས་པ། ཕྱོགས་མང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ལག་གདང་སྦྲེལ་ནས་དུས་རབས་གསར་པའི་ཕྱོགས་གསུམ་མཉམ་ལས་ཀྱི་ལེའུ་གསར་པ་མུ་མཐུད་དུ་རྩོམ་འདོད་ཡོད་ཅེས་གསུངས།

སྨི་ཧྲུའུ་སི་ཅིང་དང་ཨའོ་ཡུན་ཨོ་ཨར་ཏིན་གྱིས་བསྟན་དོན། ཨུ་རུ་སི་དང་མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ལག་གདང་སྦྲེལ་ནས་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་དང་། “རྩྭ་ཐང་ལམ་བུའི”འཕེལ་རྒྱས་འཐབ་ཇུས། “རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པའི་གྲོས་འགོ་སྦྲེལ་མཐུད་བཅས་ལ་ཤུགས་སྣོན་པ་དང་། ཀྲུང་གོ་དང་མོང་གོལ། ཨུ་རུ་སི་བཅས་ཀྱི་དཔལ་འབྱོར་བར་ཁྱམས་མགྱོགས་མྱུར་ངང་བསྐྲུན་པ། ཕྱོགས་གསུམ་གྱི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པ་བཅས་བྱེད་འདོད་ཡོད་ཟེར།

ཤ་བོ་གསེར་མཚོས་བསྒྱུར།