ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་བརླིང་ངང་གོང་དུ་སྤེལ་བའི་ཆེད་དོན་ཚོགས་འདུ་བསྡུས།
2024.10.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 8

 ཉེ་ལམ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་བརླིང་ངང་གོང་དུ་སྤེལ་བའི་ཆེད་དོན་ཚོགས་འདུ་ཟི་ལིང་དུ་བསྡུས། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང་གནང་བའི་མིག་སྔའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།   དཀའ་ངལ་ལ་མཐོང་ཆེན་དང་ཡིད་ཆེས་བརྟན་གཏོང་། གོ་སྐབས་དམ་འཛིན། རང་འགུལ་བརྩོན་ལེན།  འགན་འཁྲི་འཁུར་ཕོད་པ།  རྡོག་རྩ་གཅིག་སྒྲིལ་བཅས་ཀྱི་ཐོག་ནས་དུས་ཚིགས་བཞི་པའི་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབ་ནས།    ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ཧུར་ཐག་གིས་ཡོངས་འགྲུབ་བྱེད་དགོས་ཞེས་ནན་གྱིས་བསྟན།    ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་དཔལ་འབྱོར་ལས་དོན་ཡག་པོར་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཏན་ཏིག་བྱས་ཏེ། དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་ལ་ཁྱོན་ཡོངས་ནས་ལུགས་མཐུན་བབ་བརླིང་ངང་དབྱེ་ཞིབ་བྱེད་པ་དང་། ཁྱད་སྟོབས་ལྡན་པ་དང་འགྲན་རྩོད་ནུས་ཤུགས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་བཙུགས་ཏེ། ཕྱོགས་གང་ཅིའི་ཐད་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།  རྒྱལ་ཁབ་དང་རང་ཞིང་གི་སྲིད་ཇུས་རབ་དང་རིམ་པ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། དཔལ་འབྱོར་བསྐྱར་འཕར་དང་བཟང་ཕྱོགས་སུ་འཕེལ་བའི་གནས་བབ་མུ་མཐུད་དུ་སྲུང་འཛིན་དང་། དུས་ཚིགས་བཞི་པའི་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་འགྲུབ་བྱེད་དགོས།  འགོ་རྩོམ་ས་དང་གཞི་་ཚུགས་ས་འཚོལ་ཞིབ་བྱས་ཏེ།  བཏོན་ཟིན་པའི་སྲིད་ཇུས་མགྱོགས་མྱུར་ངང་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་ཀྱིས་གསར་དུ་བཏོན་པའི་སྲིད་ཇུས་དང་འབྲེལ་མཐུད་ལེགས་པོ་བྱས་ནས། སྲིད་ཇུས་སྣ་ཚོགས་འབྲེལ་མཐུད་གཅིག་གྱུར་བྱེད་པར་ཤུགས་སྣོན་དགོས། བཟོ་ལས་འཁོར་སྐྱོད་ཀྱི་དཀའ་གནད་དང་འགག་གནད་སེལ་བ་དང་། རྐང་འཛིན་གྱི་སྦས་ཤུགས་སྔོག་འདོན་བྱེད་པ།  རིགས་དབྱེ་ཇུས་བསྟར་གྱིས་ཐོན་ལས་མང་པོ་དམ་འཛིན་དང་། ཐོན་འཕར་ཡོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། འཛད་སྤྱོད་ལ་སྐུལ་འདེད་དང་དམངས་འཚོར་ཕན་འདོགས་རྒྱུ་ཟུང་འབྲེལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་འཛད་སྤྱོད་ཐོན་རྫས་རྙིང་ཚབ་གསར་བརྗེ་བྱེད་པ་དང་། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་མུ་མཐུད་དུ་སྤེལ་བ། སྟོན་ཁ་དང་དགུན་ཁའི་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ཏེ།  ཉོ་ཚོང་ཁྲོམ་རའི་བྱེད་པོར་ཞབས་འདེགས་ལེགས་པོ་ཞུ་དགོས།  ས་ཁང་བདག་ཁོངས་ཁྲོམ་རའི་འཕེལ་ཕྱོགས་སྲ་བརྟན་དུ་གཏོང་བ་དང་། དུས་ལྟར་དང་སྤུས་ཚད་ཁག་ཐེག་བྱས་ནས་ཐོག་ཁང་དང་སྡོད་ཁང་རྩིས་སྤྲོད་བྱེད་པའི་མཁྲེགས་གཏོར་དམག་འཐབ་ལེགས་པོར་སྤེལ་ཏེ།  ས་ཁང་བདག་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། ཧུར་ཐག་གིས་མ་དངུལ་གཏོང་ཚད་ཆེ་རུ་བཏང་སྟེ།   འགྲོ་སོང་མྱུར་དུ་གཏོང་བ་དང་། གཙོ་གནད་དམ་འཛིན་དང་ལས་ཡུན་དམ་འཛིན།  འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ངོ་ཡོད་ལས་འབོར་མགྱོགས་མྱུར་ངང་ཆགས་པར་བྱེད་དགོས། ཚོང་འགུག་དངུལ་འདྲེན་ལ་ཚད་མཐོའི་མཐོང་ཆེན་དང་། གཙོ་གནད་འབུར་དུ་ཐོན་པར་བྱེད་པ། ཁོར་ཡུག་ཇེ་ལེགས་སུ་བཏང་ནས་ཚོང་འགུག་དམ་འཛིན་བཅས་བྱས་ཏེ། ཀྲུང་དབྱང་ཁེ་ལས་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་བར་དུ་སྦྲེལ་མཐུད་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས། དམངས་འཚོའི་ལས་དོན་ཁག་གི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་གཏོང་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། ལས་ཞུགས་འབབ་འཕར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ། སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་གྱི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་བ།  གནོད་རྗེས་སླར་གསོ་བསྐྱར་འཛུགས་དང་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོར་དམ་འཛིན་ཡག་པོ་བཅས་བྱེད་དགོས།

ཚོགས་འདུའི་ཐོག་དཔལ་འབྱོར་ལས་དོན་དམ་འཛིན་བྱེད་པའི་འགན་འཁྲིའི་བསམ་པ་དང་དགོས་གཏུག་ཆེ་བའི་བསམ་པ་ཇེ་དྲག་ཏུ་གཏོང་བ་དང་།  “རེའུ་མིག་གཅིག་དང་འཆར་གཞི་གཅིག ལམ་སྲོལ་གཅིག”བཅས་དོན་འཁྱོལ་བྱེད་པ། དཔལ་འབྱོར་འཁོར་སྐྱོད་ལ་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱེད་པ། ཀྲུང་དབྱང་གི་རྒྱབ་སྐྱོར་སྲིད་ཇུས་ལ་ཧུར་ཐག་གིས་ཞིབ་འཇུག་དང་བརྩོན་ལེན་བྱེད་པ། སང་ལོར་འགོ་རྩོམ་པའི་ལས་དོན་སྔ་མོ་ནས་ཇུས་འགོད་བྱེད་པ་བཅས་བྱེད་དགོས།  ནུས་ཤུགས་ཡོད་རྒུས་ལོ་ཧྲིལ་པོའི་བྱ་བ་ལེགས་པོར་མཇུག་སྒྲིལ་བ་དང་།  དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པ། སྟོན་ཁ་དང་དགུན་ཁའི་བདེ་འཇགས་ཐོན་སྐྱེད་ལས་དོན་དམ་འཛིན་ཏན་ཏིག་བཅས་བྱས་ཏེ།  སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བར་འགན་ལེན་བྱེད་པ་དང་། སང་ལོའི་ལས་དོན་ལ་རྨང་གཞི་བརྟན་པོ་འདིང་དགོས་པའི་བླང་བྱ་བཏོན།

འབྲེལ་ཡོད་ཞིང་ཆེན་གྱི་འགོ་ཁྲིད་ཀྱིས་ཚོགས་འདུའི་ཐོག་གཏམ་བཤད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་བསྡོམས་རྩིས་ཅུའུ། རྒྱལ་ཁབ་བསྡོམས་རྩིས་ཅུའུ་མཚོ་སྔོན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཁུལ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་སོ་སོར་གནས་ཚུལ་ཡར་ཞུ་བྱས། འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་གྱི་ཁེ་ལས་ཀྱིས་ཡིག་ཐོག་སྙན་ཞུ་ཕུལ།

ཚོགས་འདུ་བརྙན་ལམ་ནས་བསྡུས་ལ། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་རྫོང་སོ་སོར་ཡན་ལག་ཚོགས་ར་བཙུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཡིས་ཚོགས་འདུར་འགོ་འཛིན་བྱས།  ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་། ཚེ་རིང་ཐར། ཝུའུ་ལ་ཙི་པེ་ཁི་རུ་སུའུ་ལིས་ཧན། ཀྲུའུ་ཞང་ཧྥིན། ལིའུ་ཁྲའོ། ཝང་ཧའེ་ཧུང་བཅས་ཚོགས་འདུར་ཞུགས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།