ཟླ10པའི་ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་འགོ་འཛིན་མཛད་པ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་འབྲེལ་ཡོད་བྱེད་ཐབས་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉ་ལས་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》ལ་གྲོས་བསྡུར་བྱས།
གྲོས་ཚོགས་ལས་བསྟན་དོན། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ནི་མ་ལག་རང་བཞིན་གྱི་བཅོས་སྒྱུར་ཞིག་ཡིན་པ་དང་། དོན་དངོས་སུ་ཁེ་ལས་ལ་སྔར་ལས་དྲང་གཞག་དང་གོ་རིམ་ལྡན་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཅིག་བསྐྲུན་པ་རེད། རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་ཇུས་གཞི་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁྲོམ་རའི་རྨང་གཞིའི་ལམ་ལུགས་ཀྱི་སྒྲིག་སྲོལ་གཅིག་གྱུར་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་དྲང་བདེན་གཅིག་གྱུར། ཁྲོམ་རའི་སྒྲིག་བཀོད་ཚད་གཞི་མཐོན་པོས་སྦྲེལ་མཐུད་བཅས་ལ་སྐུལ་འདེད་བཏང་སྟེ། སྔར་ལས་ནུས་ལྡན་གྱི་བྱ་ཐབས་ལ་བརྟེན་ནས་བཅོས་སྒྱུར་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་སྡེབ་གཅིག་འཕར་གྲངས་སྲིད་ཇུས་ལག་བསྟར་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ། ཁེ་ལས་ཀྱི་དོན་དངོས་ཀྱི་དོ་ཁུར་ནས་འགོ་རྩོམ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བཅོས་སྒྱུར་གྱི་བྱ་བ་སྐོར་ཞིག་ལ་སྐུལ་འདེད་གཏོང་བ། བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ཁྲོད་བྱེ་བྲག་གི་གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་དགོས། ས་གནས་སོ་སོས་འགྲན་རྩོད་བཟང་པོའི་ཁྲོད་དུ་སྔར་ལས་བཟང་པོའི་འཕེལ་རྒྱས་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་། ས་གནས་ཀྱི་སྲུང་སྐྱོབ་དང་ཁྲོམ་རའི་དབྱེ་མཚམས་མཐའ་གཅིག་ཏུ་མེད་པར་བཟོ་བ། དཔལ་འབྱོར་འཁོར་སྐྱོད་ལ་ཚོད་འཛིན་བྱེད་པའི་གནད་འགག་དང་དཀའ་གནད་བཅས་ཐག་གཅོད་བྱས་ཏེ། ཚོང་ཟོག་དང་རྒྱུ་རྐྱེན། ཐོན་ཁུངས་བཅས་སྔར་ལས་རྒྱ་ཆེ་བའི་ཁྱབ་ཁོངས་སུ་འཁོར་རྒྱུག་ལེགས་པོ་ཡོང་བར་སྐུལ་འདེད་གཏོང་དགོས། སྒྲིག་སྲོལ་ལས་འགལ་ནས་ནོར་ཁྲལ་གྱི་བྱ་དགའ་དང་ཁ་གསབ་སྤྲོད་པ་དང་། སྲིད་གཞུང་གིས་ཞབས་ཞུ་ཉོ་བ། དྲང་གཞག་འགྲན་རྩོད་ལ་འགོག་རྐྱེན་བཟོ་བ་སོགས་ཀྱི་ཁྱབ་ཁོངས་སུ་ཆེད་དོན་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་ནས། ཁེ་ལས་སོ་སོ་དྲང་གཞག་འགྲན་རྩོད་ཁྲོད་འཚར་ལོངས་ཆེན་པོ་འབྱུང་བར་བྱས་ཏེ། སྔར་ལས་མཐོ་བའི་དཔལ་འབྱོར་ཕན་འབྲས་ལ་བརྟེན་ནས་ས་གནས་སོ་སོ་སྔར་ལས་ལེགས་པའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་སྟེང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉ་ལས་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》ལ་གྲོས་བསྡུར་བྱས་པ་མ་ཟད་རྩ་དོན་ཐོག་གྲོས་འཆམ་བྱུང་བ་དང་། འཆར་ཟིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་ཐག་གཅོད་བྱས། གྲོས་ཚོགས་ལས་བསྟན་དོན། ཁྲིམས་ལྟར་ཉ་ལས་ཐོན་ཁུངས་སྲུང་སྐྱོབ་དང་གསོ་སྤེལ་ཇེ་མང་དུ་གཏོང་བ། གསར་སྤེལ། ལུགས་མཐུན་བེད་སྤྱོད་བཅས་ལ་ཤུགས་བསྣན་ནས། ནུས་ཤུགས་ཡོད་རྒུས་རྒྱང་རིང་གཏིང་ཟབ་ཀྱི་རྒྱ་མཚོའི་གསོ་སྤེལ་འཕེལ་རྒྱས་གཏོང་བ་དང་། སྤུས་ལེགས་སྣ་ཁ་དང་སྔོན་ཐོན་ལག་རྩལ། རྣམ་པ་གསར་པའི་སྒྲིག་ཆས་བཅས་ཁྱབ་གདལ་དུ་གཏོང་བ་དང་། ཆུའི་ཐོན་རྫས་ཀྱི་ཐོན་ཚད་དང་སྤུས་ཚད། ཟུར་སྣོན་རིན་ཐང་བཅས་ཤུགས་ཆེན་པོས་མཐོ་རུ་གཏོང་བ་བཅས་བྱས་ནས། ཉ་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
ཤ་བོ་རིན་མཚོས་བསྒྱུར།