རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཉིན་འགའི་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མིང་རྟགས་བཀོད་ནས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉིས་སྤྱོད་དངོས་ཟོག་ཕྱིར་གཏོང་དོ་དམ་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་དང་། 2024ལོའི་ཟླ12པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 《སྲོལ་ཡིག》ལ་བསྡོམས་པའི་ལེའུ6དང་དོན་ཚན50ཡོད་པ་དང་། གཙོ་བོ་གཤམ་གསལ་གྱི་ནང་དོན་གཏན་འབེབས་བྱས་ཡོད་པ་སྟེ།
གཅིག་ནི་སྤྱིའི་བླང་བྱ་ཡིན། གཉིས་སྤྱོད་དངོས་ཟོག་ཕྱིར་གཏོང་དོ་དམ་བྱ་བས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས། རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་སྤྱི་འདོམས་བྱེད་པ། དོ་དམ་དང་ཞབས་ཞུ་འཐུས་ཚང་དུ་གཏོང་བ། གཉིས་སྤྱོད་དངོས་ཟོག་ཕྱིར་གཏོང་དོ་དམ་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། གཉིས་སྤྱོད་དངོས་ཟོག་ཕྱིར་གཏོང་དང་དེའི་འབྲེལ་ཡོད་བྱ་འགུལ་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་ཞུ་དགོས་པ་ལས། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་ལ་གནོད་འཚེ་གཏོང་མི་ཆོག
གཉིས་ནི་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་ཡིན། ཕྱིར་གཏོང་དོ་དམ་བཅའ་ཁྲིམས་གཞིར་བཟུང་ནས། གཉིས་སྤྱོད་ཀྱི་དངོས་པོ་དང་དེ་མིན་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་སྲུང་སྐྱོང་བྱེད་པ་དང་། ཁྱབ་འགྱེད་འགོག་པ་སོགས་རྒྱལ་སྤྱིའི་འོས་འགན་དང་འབྲེལ་བ་ཡོད་པའི་དངོས་པོའི་ཕྱིར་གཏོང་དོ་དམ་ལམ་ལུགས་ལ་སྲོལ་ཡིག་འདི་སྤྱོད་རྒྱུ་གསལ་བོ་བཟོས་ཡོད། དེ་དང་ཆབས་ཅིག རྫས་འགྱུར་དངོས་རྫས་སོགས་དངོས་ཟོག་ཕྱིར་གཏོང་དོ་དམ་ཚོད་འཛིན་ལ་ལྟ་སྐུལ་བྱེད་པའི་བཀོལ་སྤྱོད་སྒྲིག་སྲོལ་ཐད་འབྲེལ་མཐུད་རང་བཞིན་གྱི་གཏན་འབེབས་བཟོས་ཡོད།
གསུམ་ནི་དོ་དམ་སྒྲིག་སྲོལ་ཡིན། ད་ལྟ་སྤྱོད་བཞིན་པའི་གཉིས་སྤྱོད་དངོས་ཟོག་གི་ཕྱིར་གཏོང་དོ་དམ་སྒྲིག་སྲོལ་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་ཕྱིར་གཏོང་དོ་དམ་བྱ་བའི་མཐུན་སྦྱོར་རྐྱེན་སྲོལ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོང་དོན་གཙོ་གཉེར་སྡེ་ཁག འགག་སྒོ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གཞན་དག དེ་མིན་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཚོང་དོན་གཙོ་གཉེར་སྡེ་ཁག་གི་རང་སོ་སོའི་འགན་འཁྲི་གཏན་འབེབས་བྱ་དགོས།
བཞི་ནི་ཉོ་ཚོང་སྟབས་བདེ་ཅན་གྱི་བྱེད་ཐབས་སྤྱོད་དགོས། གཉིས་སྤྱོད་དངོས་ཟོག་ཕྱིར་གཏོང་ཚོང་གཉེར་བྱེད་པའི་ཐོ་འགོད་ལམ་ལུགས་མེད་པར་བཟོ་དགོས། གཉིས་སྤྱོད་དངོས་ཟོག་ཕྱིར་གཏོང་དོ་དམ་སྲིད་ཇུས་ཀྱི་གསལ་ཚད་དང་ཚད་ལྡན་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། ཕྱིར་གཏོང་དོ་དམ་སྲིད་ཇུས་ཀྱི་བསམ་གཞིག་རྒྱུ་རྐྱེན་དང་གོ་རིམ་གཏན་འབེབས་གསལ་པོ་བཟོ་དགོས། གཉིས་སྤྱོད་དངོས་ཟོག་ཕྱིར་གཏོང་བཀག་སྡོམ་གྱི་ཆོག་འཐུས་སྟབས་བདེ་ཡོང་བའི་བྱེད་ཐབས་དང་དེ་མིན་བཀོལ་སྤྱོད་ཀྱི་ཆ་རྐྱེན་དང་གོ་རིམ་སོགས་ཞིབ་ཕྲར་བཟོ་དགོས།
ལྔ་ནི་ཕྱིར་གཏོང་དོ་དམ་ལམ་ལུགས་ཀྱི་བྱེད་ཐབས་སྣ་ཚོགས། དོ་དམ་ལམ་ལུགས་ཀྱི་ཞིབ་ཐོ་དང་གནས་སྐབས་རྩིས་སྤྲོད་དོ་དམ་གྱི་གོ་རིམ་དང་བླང་བྱ་གསལ་བོར་གཏན་འབེབས་བྱས་ནས། གཉིས་སྤྱོད་དངོས་པོའི་ཕྱིར་གཏོང་ཆོག་འཐུས་ལག་བསྟར་བྱེད་དགོས་པ་མ་ཟད་ཆོག་འཐུས་རེ་ཞུ་བྱེད་པའི་ཆ་རྐྱེན་དང་གོ་རིམ་སོགས་གཏན་འབེབས་བྱས་ཡོད། གཉིས་སྤྱོད་དངོས་པོའི་མཐའ་མའི་སྤྱོད་མཁན་དང་མཐའ་མའི་སྤྱོད་ཡུལ་དོ་དམ་ནན་མོ་བྱེད་པ་དང་། དོ་དམ་ཚོད་འཛིན་མིང་ཐོའི་ལམ་ལུགས་ཞིབ་ཚགས་སུ་གཏོང་བ། དོ་ཁུར་མིང་ཐོའི་ལམ་ལུགས་འཛུགས་པ། འབྲེལ་ཐག་ཧྲིལ་པོའི་དོ་དམ་ཚོད་འཛིན་བྱེད་ཐབས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།
དྲུག་ནི་ལྟ་སྐུལ་ཞིབ་བཤེར་བྱ་དགོས། ལྟ་སྐུལ་ཞིབ་བཤེར་བྱེད་པའི་གཙོ་གཞི་དང་། གོ་རིམ། ལག་ལེན་དུ་བསྟར་ཆོག་པའི་ཞིབ་ཕྲའི་བྱེད་ཐབས་བཅས་དང་དེ་མིན་ཕྱིར་གཏོང་ཚོང་གཉེར་པའི་སྙན་ཞུ་བྱེད་པ་དང་། བརྟག་དཔྱད་ཐག་གཅོད་བྱེད་པར་གཞོགས་འདེགས་བྱེད་པ་སོགས་ཀྱི་འོས་འགན་གསལ་བོ་བཟོ་དགོས།
ཤ་བོ་རིན་མཚོས་བསྒྱུར།